༄༅། །པའུ་ལུ་ཡིས་ཐེ་ས་ལོ་ནི་ཀེ་པར་བྲིས་པའི་འཕྲིན་ཡིག་གཉིས་པ་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། སྐུ་ཚབ་པའུ་ལུ།
རྩོམ་དུས། སྤྱི་ལོ་50 གཡས་གཡོན་ལ་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། འཕྲིན་ཡིག
ཐོག་མའི་ཀློག་མཁན། ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་ལ་སྡོད་མཁན་མཱ་ཤི་ཀ་པ་རྣམས། (ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་ནི་དེང་སྐབས་ཀྱི་གྷི་རིག་རྒྱལ་ཁབ་ཀྱི་བྱང་ཕྱོགས་སུ་ཆགས་ཡོད་)
ནང་དོན་གཙོ་བོ། ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་གྱི་ཆོས་ཚོགས་ལ་མི་ཁ་ཤས་ཀྱིས་གཙོ་བོ་ཡེ་ཤུ་སླར་འབྱོན་པའི་ཉིན་མོ་སླེབས་ཟིན་པའི་སྐོར་གྱི་བསླབ་བྱ་རྫུན་མ་བསྟན། ཕན་མེད་ཀྱི་བསླབ་བྱ་དེ་ཡོ་བསྲངས་བྱེད་ཅིང༌། ཐེ་ས་ལོ་ནི་ཀེ་པ་རྣམས་ཀྱི་དད་པ་བརྟན་པོར་གནས་པ་སྐུལ་བའི་ཆེད་དུ་སྐུ་ཚབ་པའུ་ལུ་ཡིས་འཕྲིན་ཡིག་འདི་བྲིས།
ལེའུ་དང་པོ།
འཚམས་འདྲི།
1 པའུ་ལུ་དང་སིལ་ཝ་ནུ། ཐི་མོ་ཐེ་གསུམ་གྱིས་ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་དུ་ངེད་ཀྱི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཆོས་ཚོགས་ལ་འཕྲིན་ཡིག་འདི་ཕུལ་ལོ།
2 ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་ཁྱེད་རྣམས་ལ་འཐོབ་པར་གྱུར་ཅིག
གཙོ་བོས་ཁྲིམས་གཅོད་གནང་བ།
3 སྤུན་ཟླ་རྣམས། ཁྱེད་ཀྱི་དོན་ལ་ང་ཚོས་རྟག་ཏུ་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་དགོས། དེ་ནི་ང་ཚོས་བྱེད་འོས་པ་ཡིན། གང་ཡིན་ཟེར་ན། ཁྱེད་ཀྱི་དད་སེམས་ལྷག་པར་ཆེ་རུ་འཕེལ་ཞིང༌། ཕན་ཚུན་ལ་བྱམས་པའི་སེམས་དེའང་ཇེ་ཆེར་འགྲོ་བཞིན་ཡོད།
4 དེའི་ཕྱིར་སྡུག་བསྔལ་དང་མནར་གཅོད་ཐམས་ཅད་མྱོང་དུས་བཟོད་པ་དང་དད་པ་ལ་བརྟན་པོར་གནས་པས། དཀོན་མཆོག་གི་ཆོས་ཚོགས་རྣམས་ཀྱི་ཁྲོད་དུ་ང་ཚོས་ཁྱེད་ཚོར་བསྟོད།
5 དེ་ནི་དཀོན་མཆོག་གི་དྲང་བདེན་ཉིད་དང་ལྡན་པའི་ཁྲིམས་གཅོད་ཀྱི་དཔང་རྟགས་ཡིན་པས། ཁྱེད་ཚོ་དཀོན་མཆོག་གི་རྒྱལ་སྲིད་དུ་འཇུག་པར་འོས་པ་ཡིན་པར་རྩི། དེའི་དོན་ལ་ཁྱེད་ཚོ་སྡུག་བསྔལ་མྱོང་བཞིན་ཡོད།
6 དཀོན་མཆོག་དྲང་བདེན་ཡིན་པས། ཁོང་གིས་ཁྱེད་ལ་མནར་གཅོད་བྱེད་པ་རྣམས་ཀྱི་ལན་སྡུག་བསྔལ་ཡིས་འཇལ་ཞིང༌།
7 ཁྱེད་ཚོ་སྡུག་བསྔལ་མྱོང་བ་རྣམས་དང༌། ངེད་རྣམས་ལའང་བདེ་བ་གནང༌། དེ་ནི་གཙོ་བོ་ཡེ་ཤུ་དཀོན་མཆོག་གི་ཞིང་ཁམས་ནས་རང་གི་ནུས་སྟོབས་དང་ལྡན་པའི་ཕོ་ཉའི་འཁོར་དང་བཅས་པར་མེ་ལྕེའི་འབར་བའི་ནང་ནས་མངོན་པར་འགྱུར་བའི་སྐབས་སུ་འབྱུང་བར་འགྱུར།
8 དེ་དུས་གཙོ་བོས་དཀོན་མཆོག་ངོ་མི་ཤེས་པ་རྣམས་དང༌། ངེད་ཀྱི་གཙོ་བོ་ཡེ་ཤུའི་འཕྲིན་བཟང་ལ་མི་ཉན་པ་རྣམས་ལ་གནོད་ལན་འཇལ།
9 གཙོ་བོ་དང་ཁོང་གི་གཟི་བརྗིད་ལྡན་པའི་མཐུ་དང་ཁ་བྲལ་ཏེ། འཇིག་པ་མཐའ་མེད་པའི་ཉེས་ཆད་ཁོ་ཚོར་འབབ།
10 དེ་ནི་གཙོ་བོ་འབྱོན་པའི་ཉིན་མོར་འབྱུང་ངོ༌། ཉིན་དེར་ཁོང་གི་སྐྱེ་བོ་དམ་པ་རྣམས་ནས་གཙོ་བོར་གཟི་བརྗིད་འཐོབ་པ་དང༌། དད་པ་བྱེད་མཁན་ཐམས་ཅད་ཀྱི་ཁྲོད་དུ་ཁོང་ངོ་མཚར་བར་འགྱུར། མི་དེ་རྣམས་ནང་ཁྱེད་ཚོ་ཚུད་ཡོད། གང་ལགས་ཤེ་ན། ཁྱེད་ཚོས་ང་ཚོས་སྨྲས་པའི་དཔང་པོར་ཡིད་ཆེས་པས་སོ།
11 དེའི་ཕྱིར་ཁྱེད་ཚོའི་དོན་ལ་ང་ཚོས་རྟག་པར་སྨོན་ལམ་འདེབས་ཏེ། ངེད་ཀྱི་དཀོན་མཆོག་གིས་ཁྱེད་ཚོ་འབོད་འོས་པར་བརྩི་སྟེ། ཁོང་གི་ནུས་མཐུའི་སྒོ་ནས་ཁྱེད་ཚོས་བཟང་པོ་བྱེད་པའི་འདོད་པ་ཐམས་ཅད་དང༌། དད་པ་ནས་སྐྱེས་པའི་ལས་སྒྲུབ་པར་མཛོད་ཅེས་ཞུས།
12 དེ་ནི་ང་ཚོའི་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་བཞིན་དུ། ཁྱེད་ཚོ་བརྒྱུད་ནས་ང་ཚོའི་གཙོ་བོ་ཡེ་ཤུའི་མཚན་གཟི་བརྗིད་དང་ལྡན་པར་འགྱུར་ཞིང༌། ཁོང་བརྒྱུད་ནས་ཁྱེད་ཚོའང་གཟི་བརྗིད་དང་ལྡན་པར་འགྱུར་བའི་ཕྱིར་རོ། །