ལེའུ་གཉིས༌པ།
དམ་པའི་ཐུགས་ཉིད་འབྱོན་པའི༌སྐོར།
1 དེ་ནས་ལྔ་བཅུའི་དུས་ཆེན་ལ་སླེབས་པ༌ན། དད་ལྡན་ཐམས་ཅད་གནས་གཅིག་ཏུ་འཛོམས་པ༌དང༌།
2 གློ་བུར་ཉིད་དུ་ནམ་མཁའ་ནས་རླུང་ཆེན་གཡུགས་པ་ལྟ་བུའི་སྒྲ་ཞིག་བྱུང༌སྟེ། ཁོ་རྣམས་སྡོད་པའི་ཁང་པའི་ནང་དུ་ཁྱབ་པ་རེད།
3 དེ་ནས་མེ་ལྟ་བུའི་ལྕེ་རྣམས་མངོན་ཞིང་སོ་སོར་མི་རེ་རེའི་སྟེང་དུ་བབས་ཏེ་གནས་པ་ལ།
4 མི་དེ་ཐམས་ཅད་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་པར་གྱུར༌ཏེ། དམ་པའི་ཐུགས་ཉིད་ཀྱིས་གནང་བའི་ནུས་པ་བཞིན་སྐད་རིགས་གཞན་དག་སྨྲས༌སོ།།
5 དེའི་དུས༌སུ། དཀོན་མཆོག་ལ་དད་མོས་ཡོད་པའི་ཡ་ཧུ་དཱ་པ་མང་པོ་ཞིག་གནམ་འོག་གི་རྒྱལ་ཁབ་སོ་སོ་ནས་ཡོང་སྟེ་ཡེ་རུ་སཱ་ལེམ་དུ་གནས་སོ།།
6 ཡང་དེ་དག་གིས་སྒྲ་གྲགས་པ་དེ་ཐོས་ནས་མི་མང་པོ་ལྷན་དུ་འདུས་ཤིང་། མི་རེ་རེས་དད་ལྡན་རྣམས་ཀྱིས་ཁོ་རྣམས་རང་རང་གི་སྐད་རིགས་སྨྲས་པ་ཐོས་པས་ཐེ་ཚོམ་སྐྱེས་པ་རེད།
7 མི་ཚོགས་ཧ་ལས་ཤིང་ངོ་མཚར་བར་གྱུར་ཏེ་ན༌རེ། གཏམ་བཤད་མཁན་འདི་རྣམས་ག་ལིལ་པ་མ་ཡིན༌ནམ།
8 ཁོ་རྣམས་ཀྱིས་རང་རེའི་ཕ་སྐད་སྨྲས་པ་ངེད་ཅག་གིས་ཐོས་པ་དེ་ཅི་ཡིན༌ནམ།
9 ངེད་རྣམས་ནི་པཱར་ཐ་པ་དང༌། མཱ་ཏི༌པ། ཨེ་ལཱམ༌པ་བཅས་དང་། ཡང་མོ་སོ་པའོ་ཐ་མེ་ཡཱ་དང་། ཡ་ཧུ་དཱ། ཀ་པ་ཏོ་ཡཱ། ཕོན་ཐུ། ཨེ་ཞི་ཡཱ།
10 ཕུ་ཀེ་ཡཱ། ཕཱམ་ཕིལ་ཡ། ཨེ་ཅིབ་བཅས་སུ་སྡོད་པ་ཡིན༌ཞིང༌། ཀི་རེ་ནེ་དང་ཉེ་བའི་ལེབ་ཡཱ་ས་ཁུལ་གྱི་མི༌དང༌། རོ་མཱ་ནས་ཡོང་བའི་སྐུ་མགྲོན་ཁྲོད་ཀྱི་ཡ་ཧུ་དཱ་པ་དང་ཡ་ཧུ་དཱ་པའི་ཆོས་ལུགས་ལ་ཞུགས་པའི་མི་རྣམས་དང་།
11 ཀཱ་རེ་ཏ་པ་དང་ཨ་རབ་པ་བཅས་ཡིན༌ཏེ། མི་དེ་རྣམས་ཀྱིས་རང་རེའི་ཕ་སྐད་སྨྲས་ནས་དཀོན་མཆོག་གི་མཛད་པ་རླབས་ཆེན་སྒྲོག་པ་ངེད་ཅག་གིས་ཐོས་ཞེས་སྨྲས༌ཤིང༌།
12 ཡང་མི་ཐམས་ཅད་དོན་དེར་ཧ་ལས་ཤིང་ཐེ་ཚོམ་སྐྱེ་བཞིན་ཕན་ཚུན་ན༌རེ། འདིའི་དོན་ཅི་ཡིན་ནམ་ཞེས་གླེང༌ནའང་།
13 མི་གཞན་འགའ་ན༌རེ། མི་དེ་རྣམས་རྒུན་ཆང་གསར་པས་བཟི་བ་རེད་ཅེས་འཕྱ་དམོད་བྱས༌སོ།།
སྐུ་ཚབ་པ་པེ་ཏྲོས་མི་ཚོགས་ལ་ཆོས་གསུངས༌པ།
14 དེ་ནས་པེ་ཏྲོ་དང་སྐུ་ཚབ་པ་གཞན་བཅུ་གཅིག་པོ་ཡར་ལངས་ཤིང་པེ་ཏྲོས་སྐད་ཆེན་པོས་མི་ཚོགས་ལ་འདི་སྐད༌དུ། ཡ་ཧུ་དཱའི་ཡུལ་མི་དང་ཡེ་རུ་སཱ་ལེམ་དུ་གནས་པའི་མི་རྣམས༌ཀུན། ཁྱོད་ཅག་གིས་དོན་འདི་རྟོགས་འོས་ཤིང་ངས་སྨྲས་པ་ལའང་རྣ་བ་བླགས་ནས་ཉོན༌ཅིག
15 ད་ལྟ་སྔ་དྲོའི་ཆུ་ཚོད་དགུ་ཙམ་ཡིན་པས་ཁྱོད་རྣམས་ཀྱིས་མི་འདི་དག་ཆང་གིས་བཟི་བ་རེད་བསམས་ནའང་དེ་བཞིན་མ་ཡིན༌ཏེ།
16 འདི་ནི་ལུང་སྟོན་པ་ཡོ་ཨེལ་བརྒྱུད་ནས་ཇི་སྐད༌དུ།
17 དེ་ཡང་དཀོན་མཆོག་ཉིད་ཀྱིས་འདི་སྐད༌དུ།།
མཐའ་མའི་ཉིན་མོ་དག་ལ་སླེབས་དུས་སུ།།
བདག་གིས་རང་གི་ཐུགས་ཉིད་ཀུན་ལ༌སྩོལ།།
ཁྱོད་ཀྱི་བུ་དང་བུ་མོས་ལུང་བསྟན༌འཆད།།
ཁྱོད་ཀྱི་གཞོན་ནུས་ངོ་མཚར་ཞལ་གཟིགས༌མཐོང༌།།
ཁྱོད་ཀྱི་བགྲེས་པོར་རྨི་ལམ་འབྱུང་བ་ཡིན།།
18 དུས་དེར་བདག་གིས་རང་གི་ཐུགས་ཉིད༌མཆོག །
ང་ཡི་ཞབས་ཕྱི་དད་ལྡན་ཕོ་མོ༌ལ།།
སྩོལ་ཞིང་དེ་ཚོས་ལུང་བསྟན་འཆད་པར༌ངེས།།
19 བདག་གིས་ནམ་མཁའི་དབྱིངས་སུ་ངོ་མཚར༌དང༌།།
ས་གཞིར་ཁྱད་རྟགས་ཅི་ཡང་སྟོན་པར༌འགྱུར།།
ཁྲག་དང་མེ་དང་དུད་སྨུག་འབྱུང་བར༌ངེས།།
20 ཁྲི་གདུགས་ཉི་མ་སྐད་ཅིག་ནག་པོར༌བསྒྱུར།།
བསིལ་ཟེར་ཟླ་བ་སྐད་ཅིག་ཁྲག་ཏུ༌བསྒྱུར།།
གཙོ་བོའི་ཉིན་མོ་ངོ་མཚར་འགངས་ཆེན༌དེ།།
མ་སླེབས་གོང་དུ་དོན་ཆེན་དེ་རྣམས༌འབྱུང༌།།
21 དུས་དེར་གཙོ་བོའི་མཚན་ནས་འབོད་པ༌ཚོར།།
ཁོང་གིས་སྐྱོབ་ཅིང་ཐར་པ་གནང་ངེས༌ཡིན།།
ཞེས་གསུངས་པ་ལྟར་ལགས་སོ།།
22 ཡང་ཡེས་ར་ཨེལ་པ་རྣམས་ཀྱིས་ངའི་གཏམ་ལ་ཉོན༌ཅིག ནཱ་ཙ་རེལ་པ་ཡེ་ཤུ་ནི་དཀོན་མཆོག་གིས་ཁོང་བརྒྱུད་ནས་ཁྱོད་རྣམས་ཀྱི་ཁྲོད་དུ་ནུས་མཐུ༌དང༌། ངོ་མཚར་བའི་དོན༌དང༌། གྲུབ་རྟགས་བཅས་མཛད་དེ་བདེན་དཔང་མཛད་པའི་མི་དེ་ཡིན་ལ། ཁྱོད་ཅག་གིས་ཀྱང་ཤེས༌པ་ཡིན།
23 ཁོང་ནི་དཀོན་མཆོག་གི་དགོངས་པ་དང་མངོན་མཁྱེན་བཞིན་ཁྱོད་རྣམས་ལ་གཏད༌ཅིང༌། ཁྱོད་རྣམས་ཀྱིས་ཀྱང་ཁོང་ཉིད་ཁྲིམས་མེད་ལུགས་མེད་རྣམས་ཀྱི་ལག་ཏུ་སྤྲད་དེ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་ནས་བཀྲོངས༌མོད།
24 འོན་ཀྱང་དཀོན་མཆོག་གིས་ཁོང་ཉིད་འཆི་བའི་སྡུག་བསྔལ་ལས་བསྐྱབས་ཏེ་སླར་གསོན་པར་མཛད་དོ།། རྒྱུ་མཚན་ནི་འཆི་བས་ཁོང་ཉིད་གཟུང་མི་ནུས་པའི་ཕྱིར༌རོ།།
25 དེ་ཡང་དཱ་བིད་ཀྱིས་སྐྱབས་མགོན་ཡེ་ཤུའི་སྐོར་ལ་ཇི་སྐད༌དུ།
བདག་གི་མིག་སྔར་གཙོ་བོ་ཁོང་ཉིད་རྒྱུན་དུ༌མཐོང༌།།
བདག་གི་གཡས་སུ་བཞུགས་པས་ང་རང་གཡོ་བ༌མེད།།
26 དེའི་ཕྱིར་རང་སེམས་དགའ་ཞིང་ངག་ནས་སྤྲོ་བ༌བརྗོད།།
བདག་གི་ལུས་པོ་འདི་ཡང་རེ་འདུན་ནང་དུ༌གནས།།
27 ང་ཡི་རྣམ་ཤེས་གཤིན་པོའི་གནས་སུ་མི་བསྐྱུར༌ཞིང༌།།
ཁྱེད་ཀྱི་སྐྱེས་བུ་དམ་པའི་ལུས་པོའང་རུལ་མི༌འཇུག །
28 ཁྱེད་ཀྱིས་སྲོག་གི་འགྲོ་ལམ་བདག་ལ་བསྟན་མཛད༌པས།།
ཁྱེད་ཀྱི་དྲུང་དུ་ང་རང་དགའ་བས་མྱོས་པར༌འགྱུར།།
ཞེས་གསུངས་མྱོང༌ངོ༌།།
29 ཡང་སྤུན་ཟླ༌རྣམས། ངས་མེས་པོ་དཱ་བིད་ཀྱི་སྐོར་ཁྱོད་རྣམས་ལ་གསལ་པོར༌སྨྲ་བར་བྱ་སྟེ། ཁོང་སྐུ་གྲོངས་ནས་དུར་དུ་སྦས༌ཤིང༌། ཁོང་གི་དུར་ས་ད་ལྟའི་བར་དུ་བདག་ཅག་གི་གནས་འདིར་ཡོད།
30 དེའི་ཕྱིར་དཱ་བིད་ནི་ལུང་སྟོན་པ་ཞིག་ཡིན་ཞིང་དཀོན་མཆོག་གིས་དེ་སྔར་ཁོ་ལ་དམ་བཅས་པ༌དང༌། དཱ་བིད་ཀྱི་རིགས་རྒྱུད་ལས་བུ་གཅིག་ཁོའི་རྒྱལ་ཁྲིའི་སྟེང་དུ་བསྐོ་ངེས་པ་ཤེས༌པས།
31 ཁོས་མངོན་པར་རྟོགས་ཤིང་སྐྱབས་མགོན་མཱ་ཤི་ཀ་སླར་གསོན་པའི་སྐོར་གསུངས༌ཏེ། མཱ་ཤི་ཀ་ཁོང་ཉིད་གཤིན་པོའི་གནས་སུ་མ་བསྐྱུར་ལ་ལུས་པོའང་རུལ་དུ་མ་བཅུག་ཅེས༌པའོ།།
32 སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ནི་དཀོན་མཆོག་གིས་སླར་གསོན་པར་མཛད་ཅིང་ངེད་ཅག་ཐམས་ཅད་ཀྱིས་ཀྱང་དོན་དེ་ལ་བདེན་དཔང་བྱེད༌པ་ཡིན།
33 དེའི༌ཕྱིར། དཀོན་མཆོག་གིས་སྐྱབས་མགོན་ཡེ་ཤུ་རང་གི་གཡས་ཕྱོགས་སུ་དྲངས་ཤིང་། ཁོང་ལ་རང་གི་ཡབ་ནས་ཞལ་བཞེས་གནང་ཡོད་པ་བཞིན་དམ་པའི་ཐུགས་ཉིད་ཐོབ་སྟེ། ཁྱོད་རྣམས་ཀྱིས་མཐོང་ཐོས་སུ་གྱུར་པ་བཞིན་ངེད་རྣམས་ལ་གནང་བ་ཡིན་ནོ།།
34 ཡང་དཱ་བིད་ནམ་མཁའི་ཞིང་ཁམས་སུ་འཕགས་མ་མྱོང་ཡང་འདི་སྐད༌དུ།
དཀོན་མཆོག་གིས་ནི་ང་ཡི་གཙོ་བོ༌ལ།།
35 བདག་གིས་ཁྱོད་ཀྱི་བསྟན་དགྲ་ཐམས་ཅད༌ཀུན།།
ཁྱོད་ཀྱི་ཞབས་ཀྱི་སྟེགས་སུ་བསྒྱུར་བའི༌བར།།
བདག་གི་གཡས་སུ་བཞུགས་ཤིང་སྒུག་པར༌བྱའོ།།
ཞེས་གསུངས་མྱོང༌ངོ༌།།
36 དེ་བས་ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་མི་ཐམས་ཅད་ཀྱིས་དངོས་གནས་ཤེས་དགོས་པ་ནི་ཁྱོད་ཅག་གིས་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པའི་སྐྱབས་མགོན་ཡེ་ཤུ༌ནི། དཀོན་མཆོག་གིས་གཙོ་བོ་དང་སྐྱབས་མགོན་མཱ་ཤི་ཀ་རུ་བསྐོས་པ་ལགས་ཞེས་གསུངས༌སོ།།
37 དེ་ནས་མི་ཚོགས་ཀྱིས་གཏམ་དེ་ཐོས་པ་དང་སེམས་ལ་ན་ཟུག་སྐྱེས༌ཏེ། པེ་ཏྲོ་དང་སྐུ་ཚབ་པ་གཞན་རྣམས་ལ་འདི་ལྟར་དྲིས༌པ་སྟེ། སྤུན་ཟླ༌རྣམས། དེས་ན་ངེད་ཅག་གིས་ཅི་ཞིག་བྱ་འོས་སམ་ཞེས་པ༌ལ།
38 པེ་ཏྲོས་འདི་ལྟར༌གསུངས་པ་སྟེ། སྡིག་བསལ་འཐོབ་པའི༌ཕྱིར། ཁྱོད་ཅག་རེ་རེས་འགྱོད་བཤགས་བྱོས་ཤིག ཡེ་ཤུ་མཱ་ཤི་ཀའི་མཚན་ལ་བརྟེན་ནས་ཁྲུས་གསོལ་ལ་ཞུགས༌དང༌། དཀོན་མཆོག་གི་གནང་སྦྱིན་ཏེ་དམ་པའི་ཐུགས་ཉིད་འཐོབ་ངེས༌ཡིན།
39 ཅིའི་ཕྱིར་ཞེ༌ན། ཞལ་བཞེས་དེ་ནི་ཁྱོད་ཅག་དང་ཁྱོད་ཅག་གི་བུ་རབས་ཚ༌རྒྱུད། རྒྱང་རིང་དུ་གནས་པའི་མི་ཐམས་ཅད༌དེ། གཙོ་བོ་སྟེ་རང་རེའི་དཀོན་མཆོག་གིས་རང་ཉིད་ཀྱི་དྲུང་དུ་འབོད་པར་འགྱུར་བའི་མི་ཀུན་ལའང་གནང་བ་ཡིན་ཞེས་པའོ།།
40 ཡང་པེ་ཏྲོས་གཏམ་གཞན་མང་པོ་སྨྲས་ནས་བདེན་དཔང་བྱས༌ཏེ། ཁྱོད་ཅག་གིས་རང་ཉིད་བསྐྱབས་ནས་མི་རབས་ངན་པ་འདི་ལས་ཐར་བར་གྱུར་ཅིག་ཅེས་བསྐུལ།
41 དེ་ནས་པེ་ཏྲོའི་གཏམ་དང་དུ་བླངས་པ་རྣམས་ལ་ཁྲུས་གསོལ་ཐོབ༌ཅིང༌། ཉིན༌དེར་མི་གྲངས་སུམ་སྟོང་ཙམ་དད་ལྡན་གྱི་གྲས་སུ་ཞུགས༌སོ།།
དད་ལྡན་རྣམས་ཀྱིས་ཕན་ཚུན་ལ་འབྲེལ་འདྲིས་བྱེད་པའི༌སྐོར།
42 ཡང་དེ་རྣམས་ཀྱིས་སྙིང་རུས་བསྐྱེད་ནས་རྟག་ཏུ་སྐུ་ཚབ་པ་རྣམས་ཀྱི་ཆོས་བསླབ་པ་དང༌། ཕན་ཚུན་ལ་འབྲེལ་འདྲིས་བྱས་པ༌དང༌། བག་ལེབ་ལོངས་སུ་སྤྱད༌ཅིང་། གསོལ་བ་བཏབ་ནས་བསྡད་དོ།།
43 སྐུ་ཚབ་པ་རྣམས་བརྒྱུད་ནས་ངོ་མཚར་བའི་དོན་དང་གྲུབ་རྟགས་མང་པོ་བསྟན༌པས། མི་ཐམས་ཅད་གུས་ཞུམ་ལྡན་པར་གྱུར་ཏོ།།
44 ཡང་དད་ལྡན་ཐམས་ཅད་ལྷན་དུ་གནས་ཤིང་དངོས་པོ་ཡོད་ཚད་སྤྱི་གཞུང་ལ་དབང་བར་བྱས༌ཏེ།
45 ནོར་རྫས་དང་ས་ཞིང་བཙོངས་ནས་སུ་ཞིག་ལ་དགོས་མཁོ་ཡོད་ན་དེ་བཞིན་སོ་སོར་བགོས་སོ།།
46 ད་དུང་ཁོ་རྣམས་ཀྱིས་ཉིན་རེ་བཞིན་བློ་སེམས་གཅིག་མཐུན་ངང་མཆོད་ཁང་དུ་འཛོམས་པ༌དང༌། ཁྱིམ་གང་དུའང་བག་ལེབ་ལོངས་སུ་སྤྱད༌ཅིང་། དགའ་སྤྲོ་དང་གཞུང་དྲང་གི་སེམས་བཅངས་ནས་མཉམ་དུ་ཟས་སྤྱད༌པ་དང་།
47 དཀོན་མཆོག་ལ་བསྟོད་ཅིང་བསྔགས་པ་དང་མི་ཐམས་ཅད་ཀྱང་ཁོ་རྣམས་ལ་དགའ་བར༌གྱུར། གཙོ་བོས་ཀྱང་ཉིན་རེ་བཞིན་ཁོང་གིས་བསྐྱབས་པ་རྣམས་དད་ལྡན་གྱི་གྲས་སུ་ཞུགས་པར་མཛད༌དོ།།