ལེའུ་བདུན༌པ།
སི་ཏེ་ཕཱན་གྱིས་རྩོད་ལན་སློག༌པ།
དེ་ནས་མཆོད་དཔོན་ཆེན་པོས་སི་ཏེ་ཕཱན་ལ་དོན་འདི་དག་བདེན་ནམ་ཞེས་དྲིས་པ༌ལ། ཁོ་ན༌རེ། ཕ་ཁུ་དང་སྤུན་ཟླ་རྣམས་ཀྱིས་ཉོན༌ཅིག སྔོན་ཆད་བདག་ཅག་གི་མེས་པོ་ཨབ་ར་ཧམ་ནི་ཧཱ་རན་དུ་ཁྱིམ་གཞི་མ་སྤར་བའི་སྔོན༌ལ། མོ་སོ་པའོ་ཐ་མེ་ཡཱ་ཡུལ་དུ་སྡོད་པའི་དུས༌དེར། གཟི་བརྗིད་དང་ལྡན་པའི་དཀོན་མཆོག་མངོན་སུམ་དུ་སྣང་སྟེ་ཨབ་ར་ཧམ་ལ་འདི་སྐད༌དུ། ཁྱོད་ནི་རང་གི་ཕ་ཡུལ་དང་ཉེ་འབྲེལ་རྣམས་དང་ཁ་བྲལ་ནས་བདག་གིས་ཁྱོད་ལ་སྟོན་པར་འགྱུར་བའི་ཡུལ་དེར་སོང༌ཞིག་ཅེས་གསུངས་མྱོང༌བ་དང་། དེ་ནས་ཨབ་ར་ཧམ་ནི་ཀལ་དི་པ་རྣམས་ཀྱི་ཡུལ་*དེ་དང་བྲལ་ནས་ཧཱ་རན་དུ་གནས་བཅས་སོ།། ཁོའི་ཕ་སྐུ་གྲོངས་རྗེས་དཀོན་མཆོག་གིས་ཁོ་རང་གནས་དེ་ནས་ད་ལྟ་ཁྱོད་རྣམས་སྡོད་པའི་ཡུལ་འདིར་གནས་སྤར༌ཞིང༌། ཡུལ་འདིར་དཀོན་མཆོག་གིས་ཁོ་རང་ལ་བགོ་སྐལ་ཅི་ཡང་མ་གནང༌ཞིང༌། རྐང་པ་འཇོག་སའི་ས་ཙམ་ཡང་མ་གནང་ངོ༌།། འོན༌ཀྱང༌། ཁོང་གིས་ཡུལ་འདི་ནི་ཁོ་དང་ཁོའི་བུ་རབས་ཚ་རྒྱུད་ལ་ས་སྐལ་དུ་གནང་ངེས་པ་ཞལ་གྱིས་བཞེས་པ༌དང༌། སྐབས་དེར་ཁོ་རང་ལ་བུའང་མེད༌པ་རེད། དེ་ཡང་དཀོན་མཆོག་གིས་ཁོའི་བུ་རབས་ཚ་རྒྱུད་ཡུལ་གཞན་དུ་བྱེས་སུ་སྡོད་ཅིང་། ཡུལ་དེའི་མི་རྣམས་ཀྱིས་ཁོ་རྣམས་བྲན་གཡོག་ཏུ་བྱས་ནས་ལོ་བཞི་བརྒྱའི་རིང་ལ་མནར་གཅོད་གཏོང་བར་འགྱུར་ཞེས་གསུངས་མྱོང་བ༌དང༌། ཡང་དཀོན་མཆོག་གིས་འདི་སྐད༌དུ། ཁོ་རྣམས་བྲན་གཡོག་ཏུ་བྱེད་པའི་རྒྱལ་ཁབ་དེ་ལ་ངས་ཉེས་ཆད་གཅོད༌ཅིང༌། རྗེས་སུ་ཁོ་རྣམས་ཕྱིར་བུད་དེ་གནས་འདི་ནས་བདག་ལ་བསྙེན་བཀུར་བྱེད་པར་འགྱུར་ཞེས་གསུངས་མྱོང༌བ་ཡིན། ཡང་ཁོང་གིས་ཨབ་ར་ཧམ་ལ་མཚན་སྐྱི་གཅོད་པའི་ཞལ་ཆད་ཀྱང་གནང་མྱོང༌བས། ཨབ་ར་ཧམ་ལ་བུ་ཨི་སཱག་བྱུང་སྟེ་ཉིན་བརྒྱད་པ་ལ་བུ་དེའི་མཚན་སྐྱི་བཅད་པ༌དང༌། ཨི་སཱག་ལ་བུ་ཡ་ཀོབ་སྐྱེས༌ཤིང༌། ཡ་ཀོབ་ལས་མེས་པོ་བཅུ་གཉིས་བྱུང༌ངོ༌།།
དེ་ནས་མེས་པོ་གཞན་རྣམས་ཡོ་སེབ་ལ་ཕྲག་དོག་སྐྱེས་ནས་ཁོ་རང་ཨེ་ཅིབ་རྒྱལ་ཁབ་ཏུ་བཙོངས༌ནའང༌། དཀོན་མཆོག་ནི་ཁོ་དང་མཉམ་དུ་བཞུགས༌ཏེ། 10 ཁོ་རང་དཀའ་སྡུག་ཐམས་ཅད་ལས་བསྐྱབས་པ༌དང༌། ཁོ་ལ་ཨེ་ཅིབ་རྒྱལ་པོ་ཕཱར་ཨོལ་གྱི་དྲུང་དུ་ཐུགས་རྗེ་དང་ཤེས་རབ་གནང༌བས། རྒྱལ་པོས་ཁོ་རང་ཨེ་ཅིབ་རྒྱལ་ཁབ་ཀྱི་སྤྱི་དཔོན་དང་ཕོ་བྲང་ཡོངས་ཀྱི་གཉེར་པར་བསྐོས་སོ།། 11 དེའི་རྗེས༌སུ། ཨེ་ཅིབ་དང་ཀ་ན་ཨན་ཡུལ་ཀུན་ཏུ་མུ་གེ་བྱུང་སྟེ་མི་རྣམས་ཀྱིས་དཀའ་སྡུག་ཆེན་པོ་མྱངས༌ཤིང་། བདག་ཅག་གི་ཕ་མེས་ཡང་མེས་རྣམས་ལ་ཟས་ཀྱང་ཆད་པ་ཡིན། 12 དེ་ནས་ཡ་ཀོབ་ཀྱིས་ཨེ་ཅིབ་ཏུ་འབྲུ་རིགས་ཡོད་པ་ཐོས༌ཏེ། ཕ་མེས་ཡང་མེས་རྣམས་ཐེངས་དང་པོར་ཡུལ་དེར་བཏང༌ངོ་།། 13 དེ་ནས་ཐེངས་གཉིས་པར་ཡོང་དུས་ཡོ་སེབ་ཀྱིས་རང་གི་སྤུན་རྣམས་ལ་ཁོ་སུ་ཡིན་པ་སྨྲས་ཤིང་ཕཱར་ཨོལ་གྱིས་ཀྱང་ཁོའི་གཉེན་ཉེ་རྣམས་ཤེས༌པ་རེད། 14 དེ་ནས་ཡོ་སེབ་ཀྱིས་རང་གི་སྤུན་རྣམས་མངགས་ནས་རང་གི་ཕ་ཡ་ཀོབ་དང་ཁྱིམ་མི་བདུན་ཅུ་དོན་ལྔ་བཅས་གདན་དྲངས༌པ་དང་། 15 དེ་ནས་ཡ་ཀོབ་ཨེ་ཅིབ་ཡུལ་དུ་ཕྱིན་པ་དང་རྗེས་སུ་ཁོང་དང་བདག་ཅག་གི་མེས་པོ་རྣམས་ཀྱང་དེ་རུ་ཚེ་ལས་འདས༌ཤིང༌། 16 ཁོང་རྣམས་ཀྱིས་སི་ཀེམ་ཡུལ་དུ་བེམ་པོ་ཁུར༌ཏེ། སྔོན་ཆད་ཨབ་ར་ཧམ་གྱིས་སི་ཀེམ་ཡུལ་གྱི་ཧ་མོར་གྱི་བུ་རབས་ཚ་རྒྱུད་རྣམས་ལས་ཉོས་པའི་དུར་དེར་བཅུག༌གོ།
17 དེ་ཡང་དཀོན་མཆོག་གིས་ཨབ་ར་ཧམ་ལ་ཞལ་གྱིས་བཞེས་པའི་དུས་སླེབས་ལ་ཉེ་བའི་སྐབས༌དེར། ཡེས་ར་ཨེལ་མི་རིགས་ནི་ཨེ་ཅིབ་ཡུལ་ནས་མང་དུ་འཕེལ་ལོ།། 18 དེ་ནས་ཡོ་སེབ་ལ་རྒྱུས་མི་མངའ་བའི་ཨེ་ཅིབ་ཀྱི་རྒྱལ་པོ་གསར་པ་ཞིག་བྱུང༌སྟེ། 19 དེས་བདག་ཅག་གི་རུས་རྒྱུད་ལ་གཡོ་སྒྱུ་བྱེད༌ཅིང༌། རང་རེའི་ཕ་མེས་ལའང་གནོད་འཚེ་བཏང་བ༌དང༌། ཁོ་རྣམས་ཀྱི་ཕྲུ་གུ་རྣམས་གསོད་པའི་ཆེད་དུ་ཕྱི་རོལ་ཏུ་འདོར་དགོས་པའི་བཀའ་གནང༌ངོ་།། 20 དེའི་དུས༌སུ། མོ་ཤེ་འཁྲུངས་པ་དང་ཁོང་ནི་དཀོན་མཆོག་གི་སྤྱན༌སྔར་ཤིན་ཏུ་མཛེས་སོ༎ ཕ་གཞིས་སུ་ཟླ་བ་གསུམ་ལ་བསྐྱངས༌ཏེ། 21 ཕྱི་རོལ་ཏུ་འདོར་སྐབས་ཕཱར་ཨོལ་གྱི་སྲས་མོས་ཚུར་བླངས་ཏེ་རང་གི་བུ་སྐལ་དུ་བསྙོར་བའོ།། 22 དེ་ནས་མོ་ཤེ་ཡིས་ཨེ་ཅིབ་པ་རྣམས་ཀྱི་ཤེས་བྱ་ཐམས་ཅད་བསླབས་ནས་གཏམ་སྤྱོད་གཉིས་ཀྱི་ཆ་ལ་འཇོན་ཐང་ལྡན་པར་གྱུར༌ཏོ།།
23 དེ་ནས་མོ་ཤེ་ལོ་བཞི་བཅུར་སོན་པ༌ན། ཁོང་གི་སེམས་སུ་རང་གི་སྤུན་ཟླ་སྟེ་ཡེས་ར་ཨེལ་གྱི་བུ་རྒྱུད་ལ་བལྟ་རུ་འགྲོ་བར་བསམས་པ་རེད། 24 ཁོང་གནས་དེར་སླེབས་ཚེ་ཨེ་ཅིབ་ཀྱི་མི་ཞིག་གིས་དོན་མེད་དུ་ཡེས་ར་ཨེལ་གྱི་མི་ཞིག་ལ་གནོད་འཚེ་བྱེད་པ་མཐོང་བ་དང་མི་དེ་བསྐྱབས༌ཤིང༌། གནོད་འཚེ་བྱས་པའི་ལན་དུ་ཨེ་ཅིབ་ཀྱི་མི་དེ་བསད་དོ།། 25 ཁོང་གི་སེམས་སུ་རང་ཉིད་ཀྱི་ལག་པ་བརྒྱུད་ནས་དཀོན་མཆོག་གིས་ཁོ་རྣམས་སྐྱོབ་བཞིན་པའི་དོན་དེ་སྤུན་ཟླ་རྣམས་ཀྱིས་ཤེས་ངེས་ཡིན་སྙམ་ནའང་དེ་རྣམས་ཀྱིས་མ་ཤེས་སོ།། 26 དེའི་ཕྱི༌ཉིན། ཁོང་ཉིད་ཡེས་ར་ཨེལ་པ་གཉིས་ཀྱིས་འཛིང་རེས་བྱེད་བཞིན་ཡོད་པའི་གམ་དུ་སླེབས་ཤིང་འགྲིག་མཐུན་ཡོང་བར་ཁ་བསྒོ་འདི་ལྟར་བཏང༌བ་སྟེ། ཁྱོད་གཉིས་ནི་སྤུན་ཟླ་ཡིན་པས་ཅིའི་ཕྱིར་ཕན་ཚུན་ལ་བརྙས་བཅོས་བྱེད་པ་ཡིན་ཞེས་སྨྲས་པ༌ན། 27 སྤུན་ཟླ་ལ་བརྙས་བཅོས་བྱེད་མཁན་དེས་མོ་ཤེ་ལ་ཕུད་རྒྱག་བྱས་ཏེ་ན༌རེ། སུ་ཞིག་གིས་ཁྱོད་རང་ངེད་ཅག་གི་འགོ་པ་དང་ཁྲིམས་དཔོན་དུ་བསྐོས་པ་ཡིན༌ནམ། 28 ཁྱོད་ཀྱིས་ཁ་སང་ཨེ་ཅིབ་ཀྱི་མི་དེ་བསད་པ་བཞིན་དུ་ང་རང་ཡང་གསོད་འདོད་པ་ཡིན་ནམ་ཞེས་སྨྲས་པ༌དང༌། 29 མོ་ཤེས་གཏམ་དེ་ཐོས་མ་ཐག་མིད༌ཡཱན་ཡུལ་དུ་བྲོས་ཏེ་བྱེས་སུ་བསྡད་པ༌དང༌། ཡུལ་དེ་རུ་ཁོང་ལ་བུ་གཉིས་སྐྱེས༌སོ།།
30 དེ་ནས་ལོ་བཞི་བཅུ་འགོར་བ༌དང༌། སི་ནཱ་རི་བོའི་དབེན་སྟོང་དུ་ཚེར་སྡོང་འབར་བའི་མེ་ལྕེ་ཁྲོད་ནས་ཕོ་ཉ་ཞིག་ཁོང་ལ་གསལ་པོར་མངོན༌ཞིང་། 31 མོ་ཤེ་ཡིས་དོན་དེ་མཐོང་བ་དང་ངོ་མཚར་སྐྱེས་ནས་ཉེ་སར་བལྟ་རུ་བཅར་བ༌ལ། གཙོ་བོའི་གསུང་སྐད་བྱུང༌སྟེ། 32 བདག་ནི་ཁྱོད་ཀྱི་མེས་པོ་རྣམས་ཀྱི་དཀོན་མཆོག༌སྟེ། ཨབ་ར་ཧམ༌དང༌། ཨི༌སཱག ཡ་ཀོབ་བཅས་ཀྱི་དཀོན་མཆོག་ཡིན་ཞེས་གསུངས་པ༌དང༌། མོ་ཤེ་ཤིན་ཏུ་སྐྲག་ཅིང་འདར་ནས་བལྟ་ཡང་མ་ནུས་སོ།། 33 དེ་ནས་གཙོ་བོས་ཁོང་ལ་འདི་སྐད༌དུ། ཁྱོད་རང་ལངས་ནས་འདུག་ས་འདི་ནི་གནས་དམ་པ་ཡིན་པས། ཁྱོད་ཀྱིས་བསིལ་ལྷམ་དེ་ཕུད་ཅིག 34 ངའི་མི་རྣམས་ཀྱིས་ཨེ་ཅིབ་ཡུལ་དུ་མྱངས་པའི་དཀའ་སྡུག་དེ་ངས་དངོས་སུ་མཐོང༌ཞིང༌། དེ་དག་གིས་སྐྱོ་གདུང་གི་ངུ་སྐད་འབྱིན་པའང་ཐོས། ད་ལྟ་ང་རང་མར་ཁོ་རྣམས་སྐྱོབ་ཏུ་ཡོང༌བས། ཤོག༌དང༌། ངས་ཁྱོད་རང་ཨེ་ཅིབ་ཡུལ་དུ་མངག་པར་བྱའོ་ཞེས་གསུངས་མྱོང༌ངོ༌།། 35 དེ་ཡང་མི་རྣམས་ཀྱིས་མོ་ཤེ་རིང་དུ་སྤངས་ཏེ་ན༌རེ། སུ་ཞིག་གིས་ཁྱོད་རང་ངེད་ཅག་གི་འགོ་པ་དང་ཁྲིམས་དཔོན་དུ་བསྐོས་པ་ཡིན་ནམ་ཞེས་སྨྲས༌ནའང༌། དཀོན་མཆོག་གིས་ཚེར་སྡོང་གི་ཁྲོད་དུ་ཁོང་གི་ཕོ་ཉ་གསལ་པོར་མངོན་པའི་སྒོ་ནས་མོ་ཤེ་ནི་འགོ་པ་དང་མགོན་སྐྱབས་སུ་མངགས་སོ།། 36 ཡང་མོ་ཤེས་མི་རྣམས་ཕྱི་རོལ་ཏུ་ཁྲིད༌དེ། ཨེ་ཅིབ༌དང༌། རྒྱ་མཚོ་དམར༌པོ། དབེན་སྟོང་ཡུལ་བཅས་ནས་ལོ་ངོ་བཞི་བཅུའི་རིང་ལ་ངོ་མཚར་བའི་དོན་དང་གྲུབ་རྟགས་སྣ་ཚོགས་བསྟན་ཏོ།། 37 ཡང་མོ་ཤེ་ནི་སྔོན་ཆད་ཡེས་ར་ཨེལ་གྱི་མི་རྣམས་ལ་འདི་ལྟར། དཀོན་མཆོག་གིས་ཁྱོད་ཅག་གི་དོན་དུ་བདག་དང་འདྲ་བའི་ལུང་སྟོན་པ་ཞིག་ཁྱོད་ཀྱི་སྤུན་ཟླ་རྣམས་ཀྱི་ཁྲོད་དུ་བཞུགས་པར་མཛད་ཅེས་གསུངས་མཁན་དེ་ཉིད་ཡིན། 38 ཡང་མོ་ཤེ་ནི་དབེན་སྟོང་ཡུལ་དུ་མི་ཚོགས་ནང་དུ་གནས༌ཤིང༌། ཡང་སི་ནཱ་རི་བོའི་རི་མགོར་ཕོ་ཉ་དང་མཉམ་དུ་བསྡད་ནས་ཕོ་ཉས་ཁོང་ལ་གསུང་མོལ་གནང༌ཞིང་། ཁོང་ཉིད་བདག་ཅག་གི་མེས་པོ་དང་ལྷན་དུ་བཞུགས་པ༌དང༌། ཡང་ཁོང་གིས་གསོན་ཤུགས་ལྡན་པའི་བཀའ་དང་དུ་བླངས་ནས་བདག་ཅག་ལའང་བསྒྲགས་སོ།། 39 འོན༌ཀྱང༌། བདག་ཅག་གི་མེས་པོ་རྣམས་ཀྱིས་ཁོང་གི་གསུང་དེ་ལ་མི་ཉན་པར་ཁོང་ཉིད་སྤངས་ཤིང་ཡིད་སེམས་ཨེ་ཅིབ་ཀྱི་ཕྱོགས་སུ་འཁོར༌ཏེ། 40 ཨ་རོན་ལ་ན་རེ། ངེད་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རོལ་ཏུ་ཁྲིད་ཡོང་བའི་མོ་ཤེ་དེ་ལ་ཅི་བྱུང་བ་མི་ཤེས༌པས། ཁྱོད་ཀྱིས་ངེད་ཅག་ལ་ལམ་འཁྲིད་པའི་ཆེད་དུ་ལྷ་སྐུ་འགའ་བཞེང་བར་མཛོད་ཅེས་ཞུས་མྱོང་། 41 དེའི་དུས༌སུ། ཁོ་རྣམས་ཀྱིས་བ་ཕྲུག་ཅིག་གི་བླུགས་བརྙན་བྱས༌ཤིང༌། དེ་ལ་མཆོད་པ་ཕུལ་ཏེ་རང་གི་ལག་པས་བཟོས་པ་ལ་དགའ་སྣང་ཆེན་པོ་སྐྱེས། 42 དེའི༌ཕྱིར། དཀོན་མཆོག་གིས་དེ་དག་ལ་རྒྱབ་ཕྱོགས་ནས་རང་འདོད་དུ་ནམ་མཁའི་ཉི་ཟླ་སྐར་གསུམ་ལ་དད་མོས་བྱེད་དུ་བཅུག དེ་ནི་ལུང་སྟོན་པའི་མདོ་ལས་ཇི་སྐད༌དུ།
ཀྱེ་ཀྱེ་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད༌ཁྱོད།།
དབེན་སྟོང་ཡུལ་ནས་བགྲང་བྱ་བཞི་བཅུའི༌རིང༌།།
དམར་མཆོད་དང་ནི་མཆོད་པ་སྣ་ཚོགས༌པ།།
བདག་ལ་ཕུལ་བ་གཏན་ནས་མ་ཡིན༌ནོ།།
43 མའོ་ལག་ཅེས་པའི་ལྷ་སྐུའི་གུར་ཁང༌དང༌།།
གཟའ་སྐར་རེམ་ཕཱའི་ལྷ་སྐུ་གྱེན་དུ༌བཏེགས།།
ཁྱོད་རྣམས་ལྷ་སྐུ་བཟོས་པར་ཕྱག་འཚལ༌ཕྱིར།།
བདག་གིས་ཁྱོད་དང་ཁྱོད་ཀྱི་མི་རྣམས༌ཀུན།།
པཱ་པེལ་ལོན་གྱི་མཐའ་ལ་སྤྱུག་པར༌བྱ།།
ཞེས་བཀོད་པ་བཞིན༌ནོ།།
44 དབེན་སྟོང་ཡུལ་དུ་བདག་ཅག་གི་མེས་པོ་ལ་དཔང་པོའི་གུར་མཆོག་ཡོད༌ཅིང༌། དེ་ནི་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ་དང་དཔེ་བསྟན་པ་བཞིན་མེས་པོ་རྣམས་ཀྱིས་བཟོས༌པའང་ཡིན། 45 མེས་པོ་དེ་དག་གི་བུ་རབས་ཚ་རྒྱུད་ལའང་གུར་མཆོག་དེ་ཐོབ་པ་དང་དཀོན་མཆོག་གིས་ཁོ་རྣམས་ཀྱི་མདུན་ནས་ཕྱི་ཕྱོགས་ཀྱི་མི་རིགས་སོ་སོ་ས་མཐར་སྤྱུགས༌ཤིང༌། མེས་པོ་རྣམས་ཀྱིས་ཀྱང་མི་རིགས་དེ་དག་ལ་བཙན་འཛུལ་བྱེད་པའི་སྐབས༌སུ། ཁོ་རྣམས་ཀྱིས་ཡོ་ཤུ་ཨ་དང་མཉམ་དུ་གུར་མཆོག་དེ་ཡུལ་འདིར་ཁུར་ཅིང་། དེ་ནི་དཱ་བིད་ཀྱི་བར་དུ་གནས་པར་གྱུར་ཏོ།། 46 དེ་ནས་དཱ་བིད་ལ་དཀོན་མཆོག་གི་ཐུགས་རྗེ་ཐོབ༌ཅིང༌། ཁོས་མེས་པོ་ཡ་ཀོབ་ཀྱིས་དད་པ་བྱེད་པའི་དཀོན་མཆོག་ལ་བཞུགས་གནས་ཤིག་བཞེང་རྒྱུའི་རེ་འདུན་ཞུས༌མོད། 47 འོན་ཀྱང་དཀོན་མཆོག་ལ་བཞུགས་གནས་བཞེང་མཁན་ནི་སོ་ལོ་མོན་ཡིན། 48 དོན་དམ་དུ་བླ་ན་མེད་པའི་དཀོན་མཆོག་ནི་མིའི་ལག་པས་བརྩིགས་པའི་ཁང་པར་མི་བཞུགས༌ཏེ། དེ་ནི་ལུང་སྟོན་པས་ཇི་སྐད༌དུ།
49 ནམ་མཁའི་བང་རིམ་ང་ཡི་བཞུགས་ཁྲི༌དང༌།།
དོག་མོ་ས་གཞི་ང་ཡི་ཞབས་སྟེགས༌ཏེ།།
ཁྱོད་ཀྱིས་བདག་ལ་བཞུགས་གནས་ཅི་འདྲ༌བཞེང་།།
བདག་གི་བསྟི་གནས་དེ་ནི་གང་དུ༌འདུག །
50 འཇིག་རྟེན་ཐམས་ཅད་བདག་གིས་བཟོས་མིན༌ནམ།།
གཙོ་བོ་ལགས་ཀྱིས་དེ་སྐད༌གསུངས་པ་ཡིན།།
ཞེས་གསུངས་པ་བཞིན༌ནོ།།
51 ཁྱོད་རྣམས་ནི་ཇི་འདྲའི་ཨུ་ཚུགས་ཆེ་བ༌དང༌། སེམས་དང་རྣ་བ་བཏུལ་མེད་པ་རྣམས་ཀྱིས་རྟག་ཏུ་དམ་པའི་ཐུགས་ཉིད་ལ་རྒོལ་བར་བྱེད༌དེ། ཁྱོད་ཅག་གི་མེས་པོས་ཅི་ལྟར་བྱས་ན་ཁྱོད་རྣམས་ཀྱིས་ཀྱང་དེ་ལྟར་བྱེད༌པ་ཡིན། 52 ལུང་སྟོན་པ་སུ་ཞིག་ལ་ཁྱོད་ཅག་གི་མེས་པོ་རྣམས་ཀྱིས་གནོད་འཚེ་མ་བྱས་སམ། སྔ་མོ་ནས་སྐྱེས་བུ་རྣམ་དག་དེ་ཉིད་ཕེབས་པར་འགྱུར་ཚུལ་སྒྲོག་མཁན་ཡང་ཁྱོད་ཅག་གི་མེས་པོས་བསད་པ་མ་ཡིན༌ནམ། ད་ལྟའང་ཁྱོད་ཅག་གིས་སྐྱེས་བུ་རྣམ་དག་དེ་ཉིད་ལ་ངོ་ལོག་བྱས་ཤིང་བཀྲོངས༌པ་དང་། 53 གཞན་ཡང་ཁྱོད་ཅག་ལ་ཕོ་ཉ་ལས་བཀའ་ཁྲིམས་ཐོབ་ནའང་དེ་མ་བསྲུངས་པ་རེད་ཅེས་གསུངས༌སོ།།
སི་ཏེ་ཕཱན་རྡོ་རུབ་བཏང་བ།
54 དེ་ནས་མི་རྣམས་ཀྱིས་གཏམ་དེ་དག་ཐོས་པ་དང་ཤིན་ཏུ་ཁྲོས་ཏེ་སི་ཏེ་ཕཱན་གྱི་ཐོག་ཨམ་གཙིགས་བསྡམས༌པ་རེད། 55 འོན༌ཀྱང༌། སི་ཏེ་ཕཱན་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ༌ཅིང༌། ཁོང་གིས་ནམ་མཁའི་ཞིང་ཁམས་ལ་ཅེ་རེར་བལྟས་པ༌ན། དཀོན་མཆོག་གི་གཟི་བརྗིད་མཐོང་ཞིང་སྐྱབས་མགོན་ཡེ་ཤུའང་དཀོན་མཆོག་གི་གཡས་ཕྱོགས་སུ་བཞེངས་འདུག་པ་མཐོང༌བས། ཁོ་ན༌རེ། 56 ལྟོས་དང་། ནམ་མཁའི་ཞིང་ཁམས་ཀྱི་སྒོ་ཕྱེས་ཡོད༌ཅིང༌། མིའི་བུ་དཀོན་མཆོག་གི་གཡས་ཕྱོགས་སུ་བཞེངས་འདུག་པའང་བདག་གིས་མཐོང་ཞེས་གསུངས་པ༌ལ། 57 མི་དེ་རྣམས་ཀྱིས་གཏམ་དེར་ཉན་འདོད་མེད་པར་སྐད་ཆེན་པོས་འུར་བརྒྱབ༌ཅིང༌། ལག་པས་རྣ་བ་བཀབ་པ་དང་མཉམ་དུ་སི་ཏེ་ཕཱན་གྱི་མདུན་དུ་བརྒྱུགས༌ཏེ། 58 ཁོང་ཉིད་གྲོང་ཁྱེར་ཕྱི་རོལ་ཏུ་བསྐྲད་ནས་རྡོ་རུབ་བཏང་བ༌དང༌། དཔང་པོ་བྱེད་མཁན་རྣམས་ཀྱིས་ཀྱང་རང་གི་ཕྱི་གོས་ཕུད་དེ་སོ་ལོ་ཞེས་པའི་ན་གཞོན་ཞིག་གི་མདུན་དུ་བཞག་གོ། 59 དེ་རྣམས་ཀྱིས་སི་ཏེ་ཕཱན་རྡོ་རུབ་གཏོང་བཞིན་པའི་དུས༌སུ། སི་ཏེ་ཕཱན་གྱིས། ཀྱེ། གཙོ་བོ་ཡེ་ཤུ༌ལགས། བདག་གི་རྣམ་ཤེས་ཁུར་དུ་བཞེས་པར་མཛོད་ཅེས་གསོལ་བ་བཏབ་པ༌དང༌། 60 ཡང་པུས་མོ་སར་བཙུགས་ཏེ་སྐད་ཆེན༌པོས། ཀྱེ། གཙོ་བོ་ལགས། ཉེས་པ་འདི་ཁོ་རྣམས་ལ་མི་འགེལ་བར་མཛོད་ཅེས་གསུངས་པ་དང་གཟིམས༌སོ།།
* ལེའུ་བདུན༌པ།:4 ཀལ་དི་པ་རྣམས་ཀྱི་ཡུལ་ཞེས་པ་ནི་གོང་ནས་བྱུང་བའི་མོ་སོ་པའོ་ཐ་མེ་ཡཱ་ཞེས་པའི་ཡུལ་དེའི་མིང་གཞན༌ཡིན།