༄༅། །ཀོ་རིན་ཐུ་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་གཉིས་པ།
ཀོ་རིན་ཐུ་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་གཉིས་པའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
འཕྲིན་ཡིག་འདི་ནི་འཕྲིན་ཡིག་དང་པོའི་གཞུག་གི་ཟླ་བ་འགའི་རྗེས་སུ་ཡི་གེར་བཀོད་པ་ཡིན། ཀོ་རིན་ཐུ་པའི་འཕྲིན་ཡིག་དང་པོའི་ནང་བརྗོད་པའི་འགལ་ཟླ་དང་ཉོག་དྲ་དག་ཀོ་རིན་ཐུ་ཆོས་ཚོགས་ཀྱི་ནང་དུ་སྔར་བཞིན་གནས་ཏེ། དགེ་རྒན་རྫུན་མ་དག་གིས་ཕོལ་ལོལ་གྱི་བྱ་སྤྱོད་ཡང་དག་དང་ཁོང་གི་སྐུ་ཚབ་པའི་དབང་ཆ་ལ་རྒོལ་བ་བཏང་ནས། ཁོང་ནི་སྐུ་ཚབ་པ་ངོ་མ་ཞིག་མིན་པ་དང་། ཡེ་རུ་སཱ་ལེམ་གྱི་དབུལ་པོ་དད་ལྡན་རྣམས་ཀྱི་ཆེད་དུ་བསྡུས་པའི་གཞུང་དངུལ་རྣམས་ཁོང་གིས་ལྐོག་ཟ་བྱས་པ་རེད་ཅེས་སྙད་བརྐོས།
ཡི་གེར་འགོད་མཁན་དང་འགོད་དུས།
འཕྲིན་ཡིག་འདི་ཡི་གེར་འགོད་མཁན་ནི་སྐུ་ཚབ་པ་ཕོལ་ལོལ་ཡིན་པ་དང་། འཕྲིན་ཡིག་འདི་ལ་ཁོང་གི་རྩོམ་སྟངས་ཀྱི་ཁྱད་ཆོས་ལྡན། གཞུང་འདིའི་ནང་དུ་རང་གི་སེམས་སུ་བྱུང་བའི་གནས་ཚུལ་རྣམས་ཇི་མ་ཇི་བཞིན་དུ་བཀོད་ཡོད་པས་འཕྲིན་ཡིག་གཞན་དག་དང་བསྡུར་ན་ཧ་ཅང་མངོན་གསལ་ཡིན། ཞིབ་འཇུག་དང་བདེན་དཔང་མཛད་པ་ལྟར་ན་ཀོ་རིན་ཐུ་པའི་འཕྲིན་ཡིག་དང་པོ་ནི་སྤྱི་ལོ་55ལོའི་དཔྱིད་ཀར་ཡི་གེར་བཀོད་པ་དང་། ཀོ་རིན་ཐུ་པའི་འཕྲིན་ཡིག་གཉིས་པ་ནི་ལོ་དེའི་སྟོན་དུས་སུ་ཡི་གེར་བཀོད་པ་ཡིན་པར་དགོངས།
བརྗོད་སྙིང་དང་གསུང་འཕྲིན།
འཕྲིན་ཡིག་གཞན་དང་བསྡུར་ན་འདིའི་ནང་དུ་ཕོལ་ལོལ་གྱིས་རང་གི་མྱོང་ཚོར་ཤུགས་ཆེན་པོས་བརྗོད་ཡོད་པ་དང་། ཁོང་གི་སེམས་སྐྱོ་བ་ནས་དགའ་སྤྲོ་དཔག་མེད་ཐོབ་པའི་སྐོར་བྲིས་ཡོད། འཕྲིན་ཡིག་འདི་ནི་སྡེ་ཚན་གསུམ་དུ་བཀར་ཡོད་པ་སྟེ།
༼1༽ ལེའུ་དང་པོ་ནས་བདུན་པའི་བར། ཕོལ་ལོལ་གྱིས་རང་གི་འགྲུལ་སྐྱོད་ཀྱི་འཆར་གཞི་ལ་འགྱུར་བ་བཏང་བའི་དགོས་པ་དང་རྒྱུ་མཚན་གསལ་བཤད་གནང་ཡོད།
༼2༽ ལེའུ་བརྒྱད་པ་ནས་དགུ་པའི་བར། ཁོང་གིས་ཀོ་རིན་ཐུ་པ་རྣམས་ལ་རང་ཉིད་གནས་དེར་མ་སླེབས་སྔོན་དུ་ཞལ་འདེབས་བསྡུ་ཆ་བརྒྱབ་ནས་ཚར་དགོས་པའི་སྐུལ་མ་བཏང་ཡོད།
༼3༽ ལེའུ་བཅུ་པ་ནས་བཅུ་གསུམ་པའི་བར། ཁོང་གནས་དེར་སླེབས་ལ་ཉེ་བ་དང་། ཁོང་ནི་སྐུ་ཚབ་པ་ངོ་མ་ཞིག་ཡིན་ལ། གལ་སྲིད་དགོས་པར་གྱུར་ན་སྐུ་ཚབ་པའི་གོ་གནས་བཞིན་སྒྲིག་ཁྲིམས་འཇོག་པར་སྟ་གོན་ཡང་བྱས་ཡོད་པ་བཅས་ནན་གྱིས་བརྗོད་ཡོད།
འཆར་ཟིན།
1. འཕྲིན་ཡིག་གི་ངོ་སྤྲོད་དེ། ཁམས་འདྲི་དང་བཀའ་དྲིན་ཞུ་བ། ༼1:1-11༽
2. ཕོལ་ལོལ་གྱིས་རང་གི་བྱ་སྤྱོད་དང་སྐུ་ཚབ་པའི་ལས་འགན་གསལ་བཤད་བྱས་པ། ༼1:12-7:16༽
3. ཡེ་རུ་སཱ་ལེམ་གྱི་ཡེ་ཤུའི་ཆོས་ལུགས་པ་རྣམས་ལ་ཞལ་འདེབས་ཀྱི་དངུལ་ཕུལ་བ། ༼8:1-9:15༽
4. ཕོལ་ལོལ་གྱིས་རང་ཉིད་སྐུ་ཚབ་པ་ཡིན་པར་བདེན་དཔང་བྱས་པ། ༼10:1-13:10༽
5. མཇུག་སྡོམ། ༼13:11-14༽
ལེའུ་དང༌པོ།
འཕྲིན་ཡིག་འབྱོར་ཡུལ།
དེ་ཡང་ཕོལ་ལོལ་ང་རང་ནི་དཀོན་མཆོག་གི་ཐུགས་དགོངས་བཞིན་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་པ་ཞིག་ཡིན༌ལ། སྤུན་ཟླ་ཐི་མོ་ཐེ་ངེད་གཉིས༌ཀྱིས། ཀོ་རིན་ཐུ་རུ་ཡོད་པའི་དཀོན་མཆོག་གི་ཆོས་ཚོགས༌དང༌། ཨ་ཀ་ཡཱ་ཡུལ་ཀུན་ཏུ་ཡོད་པའི་དད་ལྡན་དམ་པ་རྣམས་ལ་འཕྲིན་ཡིག་འདི་ཉིད་སྤྲིངས་པ༌སྟེ། བདག་ཅག་གི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན།
སེམས་གསོ་ཇི་སྙེད་གནང་མཁན་གྱི་དཀོན༌མཆོག
བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག༌སྟེ། ཐུགས་རྗེའི་ཡབ་དང་སེམས་གསོ་ཇི་སྙེད་གནང་མཁན་དཀོན་མཆོག་ལ་བསྔགས་བརྗོད་བྱའོ།། བདག་ཅག་དཀའ་སྡུག་སྣ་ཚོགས་ཀྱི་ནང་དུ་ཡོད་དུས། ཁོང་གིས་བདག་ཅག་ལ་སེམས་གསོ་གནང༌ཞིང༌། དེ་ནི་བདག་ཅག་གིས་ཀྱང་དཀོན་མཆོག་ནས་ཐོབ་པའི་སེམས་གསོ་ལ་བརྟེན༌ནས། དཀའ་སྡུག་སྣ་ཚོགས་མྱོང་མཁན་གཞན་དག་ལའང་སེམས་གསོ་བྱེད་ནུས་པའི་ཕྱིར་རོ།། བདག་ཅག་གིས་སྐྱབས་མགོན་མཱ་ཤི་ཀའི་སྡུག་བསྔལ་དེ་མང་པོ་མྱངས༌ན། སྐྱབས་མགོན་མཱ་ཤི་ཀར་བརྟེན་ནས་སེམས་གསོའང་དེ་འདྲ་མང་པོ་འཐོབ་པའོ།། ངེད་ཅག་གིས་དཀའ་སྡུག་མྱོང་བ་ཡིན་ན། དེ་ནི་ཁྱོད་རྣམས་ལ་སེམས་གསོ་དང་ཐར་པ་འཐོབ་པའི་ཕྱིར་ཡིན༌ལ། ངེད་ཅག་ལ་སེམས་གསོ་ཐོབ་པ་ཡིན་ན། དེ་ནི་ཁྱོད་རྣམས་ལའང་སེམས་གསོ་འཐོབ་པའི་ཕྱིར་ཡིན། སེམས་གསོ་དེ་ཡིས་ངེད་ཅག་གིས་མྱངས་པའི་སྡུག་བསྔལ་དང་འདྲ་བར་ཁྱོད་ཅག་གིས་ཀྱང་བཟོད་བསྲན་ངང་ནས་མྱང་ཐུབ་པར་བྱེད། ངེད་ཅག་གིས་ཁྱོད་རྣམས་ལ་རེ་བ་བརྟན་པོ་བཅངས་ཡོད་དེ། ཁྱོད་ཅག་གིས་ངེད་ཅག་དང་མཉམ་དུ་སྡུག་བསྔལ་མྱངས༌ཤིང༌། ངེད་ཅག་དང་མཉམ་དུ་སེམས་གསོ་འཐོབ་ངེས་པའང་ངེད་ཅག་གིས་ཤེས་པའི་ཕྱིར༌རོ།།
སྤུན་ཟླ༌རྣམས། དེ་སྔར་ངེད་ཅག་གིས་ཨེ་ཞི་ཡཱ་ཡུལ་ནས་མྱངས་པའི་དཀའ་སྡུག་དེ་ཁྱོད་རྣམས་ཀྱིས་ཀྱང་ཤེས་དགོས༌ཏེ། དུས་དེར་ངེད་ཅག་གིས་གནོན་ཤུགས་བཟོད་ཐབས་མེད་པ་མྱངས་ཤིང་ལུས་སྟོབས་ཟད་པ༌དང༌། ཐ་ན་གསོན་པའི་རེ་བའང་ཡོངས་སུ་ཆད་པ༌དང༌། རང་སེམས་ནས་ཀྱང་འཆི་ངེས་ཡིན་སྙམ་མོ།། དེ་ནི་ངེད་ཅག་གིས་རང་ལ་མི་བརྟེན༌པར། འདས་པོ་རྣམས་སླར་གསོན་པར་མཛད་མཁན་དཀོན་མཆོག་ཁོ་ནར་བརྟེན་དགོས་པའི་ཕྱིར་ཡིན། 10 དཀོན་མཆོག་གིས་དེ་སྔོན་ངེད་རྣམས་འཆི་བའི་ཉེན་ཁ་ལས་བསྐྱབས༌ཤིང༌། ད་ལྟའང་སྐྱོབ་པར་མཛད་པ༌དང༌། མ་འོངས་པའི་དུས་སུའང་སྐྱོབ་པའི་ཕྱིར་ངེད་ཅག་གིས་ཁོང་ལ་རེ་བ་བྱེད་དོ།། 11 མི་མང་པོས་དཀོན་མཆོག་ལ་བཀའ་དྲིན་ཞུ་བ་དང་། སྨོན་ལམ་མང་པོར་བརྟེན་ནས་ངེད་ཅག་ལ་བྱིན་རླབས་འཐོབ༌པའི་ཕྱིར། ཁྱོད་རྣམས་ཀྱིས་ཀྱང་གསོལ་བ་འདེབས་པའི་སྒོ་ནས་ངེད་ཅག་ལ་རོགས་རམ་བྱེད་དགོས༌སོ།།
ཕོལ་ལོལ་གྱིས་འཆར་གཞི་བསྒྱུར༌པ།
12 ངེད་ཅག་གི་བསྔགས་བརྗོད་ནི་འདི་ལྟ་སྟེ། ངེད་ཅག་གིས་འཇིག་རྟེན་འདི་ནས་དཀོན་མཆོག་གི་རྣམ་དག་དང་ཐུགས་རྒྱུད་དྲང་མོར་བརྟེན་པ་ལས། མིའི་བློ་གྲོས་ལ་མི་བརྟེན་པར་དཀོན་མཆོག་གི་ཐུགས་རྗེ་ལ་བརྟེན་ནས་ལེགས་པར་སྤྱད་པ་དང༌། ཁྱོད་རྣམས་ལ་དེ་ལས་ལྷག་ཏུ་ལེགས་པར་སྤྱད་པ་ལ་རང་གི་བསམ་པས་བདེན་དཔང་བྱས་པ་ཡིན། 13 ངེད་ཅག་གིས་ད་ལྟ་ཁྱོད་རྣམས་ལ་ཡི་གེ་བྲིས་པ་ནི་ཁྱོད་རྣམས་ཀྱིས་ཀློག་པ་དང་ཤེས་ཐུབ་པའི་ཕྱིར་ཡིན༌ལ། ཁྱོད་རྣམས་ཀྱིས་རྩ་བ་ནས་ཤེས་པར་བདག་གིས་རེ་བ་བྱེད་དོ༎ 14 ཁྱོད་ཅག་གིས་ངེད་རྣམས་ཏོག་ཙམ་ཤེས་པ་དང་། གཙོ་བོ་ཡེ་ཤུའི་ཉིན་མོར་ངེད་རྣམས་ཁྱོད་ཅག་གི་གཟི་བརྗིད་དུ་འགྱུར་བ་ལྟར་ཁྱོད་རྣམས་ཀྱང་ངེད་ཅག་གི་གཟི་བརྗིད་དུ་འགྱུར་རོ།།
15 བདག་ལ་དེ་ལྟ་བུའི་ཡིད་ཆེས་བརྟན་པོ་ཡོད༌པས། ཁྱོད་རྣམས་ལ་སླར་ཡང་ཕན་ཐོགས་པའི༌ཕྱིར། བདག་ནི་སྔ་མོ་ནས་ཁྱོད་རྣམས་ཀྱི་གམ་དུ་འགྲོ་འདོད༌ཅིང༌། 16 ཁྱོད་ཚོའི་ཡུལ་བརྒྱུད་ནས་མ་ཀེ་དོན་ཡཱ་ཡུལ་དུ་འགྲོ་བ༌དང༌། མ་ཀེ་དོན་ཡཱ་ཡུལ་ནས་སླར་ཡང་ཁྱོད་ཅག་གི་གམ་དུ་ལོག༌སྟེ། ཁྱོད་རྣམས་ཀྱིས་ང་རང་ཡ་ཧུ་དཱའི་ཡུལ་དུ་སྐྱེལ་མ་བྱེད་པར་རེ་བ་བྱས་པ་ཡིན། 17 དེའི་ཕྱིར། བདག་གིས་དེ་ལྟར་བྱེད་འདོད་པ་ལ་ཐེ་ཚོམ་སྐྱེས་སམ། ཡང་ན་བདག་གི་དམིགས་པ་ནི་རང་གི་འདོད་བློ་ལས་བྱུང༌སྟེ། ཡིན་མིན་གྱི་ཤན་འབྱེད་མི་ཐུབ་བམ་ཞེ་ན་མ་ཡིན་ནོ།།
18 དཀོན་མཆོག་ནི་ཡིད་རྟོན་རུང་བ་ཡིན་ཞིང་། ངེད་ཅག་གིས་ཁྱོད་རྣམས་ལ་བསྒྲགས་པའི་བཀའ་ནི་ཡིན་མིན་གཉིས་ལྡན་ཞིག་མ་ཡིན་ནོ།། 19 ཅིའི་ཕྱིར་ཞེ་ན། བདག་དང༌། སིལ་ཝ་ནཱ། * ཐི་མོ་ཐེ་བཅས་ཀྱིས་ཁྱོད་ཅག་གི་ཁྲོད་དུ་བསྒྲགས་པའི་དཀོན་མཆོག་གི་སྲས་ཡེ་ཤུ་མཱ་ཤི་ཀ་ནི་ཅིས་ཀྱང་ཡིན་མིན་གཉིས་ལྡན་ཞིག་མ་ཡིན༌པར། ཁོང་ལ་བརྟེན་ནས་ཡིན་པ་ཁོ་ན་ལགས་པའི་ཕྱིར༌རོ།། 20 དཀོན་མཆོག་གི་ཞལ་བཞེས་ཅི་ཙམ་ཡོད་ནའང་། སྐྱབས་མགོན་མཱ་ཤི་ཀ་ལ་བརྟེན་ནས་ཐམས་ཅད་ཡིན་པ་ལགས༌པས། བདག་ཅག་བརྒྱུད་ནས་དཀོན་མཆོག་ལ་བསྟོད་བསྔགས་འབུལ་བའི་ཕྱིར། ངེད་ཅག་གིས་སྐྱབས་མགོན་མཱ་ཤི་ཀར་བརྟེན་ནས་ཨ་མེན་ཞེས༌སྨྲ་བ་ཡིན། 21 དཀོན་མཆོག་ནི་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་ངེད་ཅག་དང་ཁྱོད་རྣམས་བརྟན་པོར་མཛད་མཁན་དང༌། བདག་ཅག་ལ་འབྱུག་མཁན་ཡང་ཡིན། 22 ཡང་ཁོང་གིས་བདག་ཅག་ལ་ཐེལ་བརྒྱབ་པ་དང་དམ་པའི་ཐུགས་ཉིད་བདག་ཅག་གི་སེམས་སུ་གཏའ་མར་གནང༌ངོ༌།།
23 ཁྱོད་རྣམས་ལ་བཟོད་པ་སྒོམ་པའི་ཕྱིར་ང་རང་ཀོ་རིན་ཐུ་རུ་མ་ཡོང༌སྟེ། ངས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་དཀོན་མཆོག་གི་བདེན་དཔང་ཞུས་པ་ཡིན། 24 ངེད་ཅག་གིས་ཁྱོད་རྣམས་ཀྱི་དད་སེམས་ལ་ཚོད་འཛིན་བྱེད་འདོད་པ་མིན༌པར། ངེད་ཅག་ནི་ཁྱོད་རྣམས་དགའ་ཞིང་སྤྲོ་བར་བྱེད་པའི་ལས་གྲོགས་ཡིན་ལ། དེ་ནི་ཁྱོད་རྣམས་དད་པར་བརྟེན་ནས་བརྟན་པོར་གནས་ཐུབ་པའི་ཕྱིར་རོ།།
* ལེའུ་དང༌པོ།:19 སིལ་ཝ་ནཱ་ཞེས་པ་ནི་སི་ལཱ་ཞེས་པའི་མིང་གཞན་ཞིག་ཡིན།