ལེའུ་བཅུ་གཅིག་པ།
དཀོན་མཆོག་ཡ་ཝཱེ་ལ་དགའ་ཞིང་ཁོང་ལ་བསྙེན་བཀུར་བྱེད་པ།
1 དེ་བས་ན་ཁྱོད་རྣམས་རང་གི་དཀོན་མཆོག་ཡ་ཝཱེ་ལ་དགའ་ཞིང་ཁོང་གི་བསྒོ་བ་དང་སྒྲིག་ཁྲིམས། སྲོལ་ཡིག བཀའ་རྒྱ་རྣམས་དུས་རྒྱུན་དུ་བསྲུང་དགོས།
2 དེ་རིང་ཁྱོད་རྣམས་ཀྱིས་ངེས་དགོས་པ་ནི། ངས་ཁྱོད་ཅག་གི་བུ་དང་བུ་མོ་རྣམས་ལ་གཏམ་སྨྲ་བ་མ་ཡིན་ཏེ། དེ་དག་གིས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་འདུལ་ཁྲིམས་དང་། ཁོང་གི་ཆེ་ཞིང་མཐུ་སྟོབས་ལྡན་པའི་ཕྱག་དང་ཕྱི་རུ་བརྐྱངས་པའི་དཔུང་པ་དང་།
3 ཁོང་གིས་ཨེ་ཅིབ་ཡུལ་ནས་ཨེ་ཅིབ་ཀྱི་རྒྱལ་པོ་ཕཱར་ཨོལ་དང། དེའི་ཡུལ་ཐམས་ཅད་ལ་གྲུབ་རྟགས་དང་འཕྲིན་ལས་ཇི་ལྟར་མཛད་པ་མ་ཤེས་མ་མཐོང་ལ།
4 ཁོང་གིས་ཨེ་ཅིབ་ཀྱི་དམག་དཔུང་དང་དེའི་རྟ་དང་ཤིང་རྟ་རྣམས་ལ་ཇི་ལྟར་མཛད་པ་སྟེ། དེ་དག་གིས་ཁྱོད་རྣམས་ཀྱི་རྗེས་འདེད་སྐབས་ཁོང་གིས་དེ་དག་རྒྱ་མཚོ་དམར་པོའི་ཆུ་ལ་སྣུབ་ཏུ་བཅུག་ཅིང་། དེ་དག་རྩ་མེད་མཛད་པ་དེ་རིང་བར་དུ་གྲགས་ཡོད།
5 ཡང་ཁྱོད་རྣམས་དབེན་སྟོང་ནས་གནས་འདིར་མ་སླེབས་བར་དུ། ཁོང་གིས་ཁྱོད་རྣམས་ལ་དོན་ཅི་ཞིག་མཛད་པའང་མཐོང་མྱོང་བ་མེད།
6 ཁོང་གིས་རུ་བེན་གྱི་བུ་ཨེ་ལི་ཨབ་ཀྱི་བུ་དཱ་ཐན་དང་ཨ་བི་རཱམ་གཉིས་ལ་ཇི་ལྟར་མཛད་པ་སྟེ། ས་གཞིས་ཁ་གདངས་ནས་དེ་གཉིས་དང་དེ་གཉིས་ཀྱི་ཁྱིམ་མི་དང་། གུར་དང་། དེ་གཉིས་དང་མཉམ་དུ་ཡོད་པའི་སྲོག་ལྡན་ཐམས་ཅད་ཡེས་ར་ཨེལ་གྱི་ཁྲོད་ནས་ཁྱུར་མིད་བཏང་བའང་མཐོང་མྱོང་བ་མེད།
7 དཀོན་མཆོག་ཡ་ཝཱེས་མཛད་པའི་འཕྲིན་ལས་ཆེན་པོ་དེ་ཐམས་ཅད་ཁྱོད་ཅག་གིས་དངོས་སུ་མཐོང་ཡོད་དོ། །
8 དེ་བས་བདག་གིས་དེ་རིང་ཁྱོད་རྣམས་ལ་བསྒོས་པའི་བཀའ་རྒྱ་ཐམས་ཅད་སྲུངས་ཤིག དེ་ནས་ཁྱོད་རྣམས་སྟོབས་དང་ལྡན་པར་གྱུར་ནས་ལོན་པར་འགྱུར་བའི་ཡུལ་དེར་འགྲོ་ཞིང་ཡུལ་དེ་བདག་ཏུ་འཛིན་པ་དང་།
9 ཡང་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་གི་མེས་པོ་རྣམས་ལ་ཁོ་རྣམས་དང་ཁོ་རྣམས་ཀྱི་བུ་རྒྱུད་ལ་སྦྱིན་པར་མནའ་དང་བཅས་ཞལ་བཞེས་གནང་བའི་ཡུལ་ཏེ། འོ་མ་དང་སྦྲང་རྩི་བཞུར་བའི་ཡུལ་དུ་ཁྱོད་རྣམས་འཚོ་ཞིང་ཡུན་རིང་གནས་པར་འགྱུར།
10 ཁྱོད་རྣམས་བདག་གིར་འཛིན་དུ་འགྲོ་བའི་ཡུལ་དེ་ནི་ཁྱོད་ཅག་ཐོན་སའི་ཨེ་ཅིབ་ཡུལ་དང་མི་འདྲ་སྟེ། དེ་རུ་ཁྱོད་རྣམས་ཀྱིས་ས་བོན་གཏོར་རྗེས་ཚལ་ལྡུམ་བཞིན་དུ་རྐང་པས་ཡུར་ཆུ་གཏོང་དགོས་པ་ཡིན་ཡང་།
11 ཁྱོད་རྣམས་ས་སྐལ་དུ་ལེན་པར་འགྲོ་བའི་ཡུལ་ནི་རི་དང་ལུང་པའི་ཡུལ་ཡིན་པ་སྟེ། གནམ་ནས་འབབ་པའི་ཆར་ཆུ་འཐུང་བ་དང་།
12 ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་གཟིགས་སྐྱོང་གནང་བའི་ཡུལ་ཞིག་ཡིན་ལ། ལོ་མགོ་ནས་ལོ་མཇུག་བར་དུ་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་སྤྱན་གྱིས་ནམ་ཡང་དེ་ལ་གཟིགས་སོ། །
13 གལ་སྲིད་ཁྱོད་ཅག་གིས་ངས་དེ་རིང་ཁྱོད་རྣམས་ལ་བསྒོས་པའི་བཀའ་རྣམས་ལ་རྣ་བ་བླགས་ནས་ཉན་པ་དང་། ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་དགའ་ཞིང་བློ་གཅིག་སེམས་གཅིག་གིས་ཁོང་ལ་བསྙེན་བཀུར་ཕུལ་ན།
14 ཁོང་གིས་སྟོན་དུས་དང་དཔྱིད་དུས་སུ་ཁྱོད་རྣམས་ཀྱི་ཡུལ་ལ་ཆར་ཆུ་འབབ་ཏུ་འཇུག་ཅིང་། ཁྱོད་རྣམས་ཀྱིས་འབྲུ་རིགས་དང་རྒུན་ཆང་གསར་པ་དང་། སྣུམ་གསར་པ་བཅས་བསྡུ་བར་བྱེད།
15 ཡང་ཁོང་གིས་སྤང་ཐང་ལ་ཁྱོད་རྣམས་ཀྱི་སྒོ་ཕྱུགས་ཀྱི་ཕྱིར་རྩྭ་སྐྱེ་རུ་འཇུག་པ་དང་། ཁྱོད་རྣམས་ཀྱིས་བཟའ་ཞིང་མགུ་ཁེངས་པར་བྱེད།
16 ཁྱོད་རྣམས་ཀྱི་སེམས་བསླུ་བར་དོགས་ཟོན་གྱིས་ཤིག ཁྱོད་རྣམས་ལོག་ལམ་དུ་འཁོར་ནས་ལྷ་གཞན་དག་ལ་བསྙེན་བཀུར་བྱས་ཏེ་ཕྱག་བཙལ་ན།
17 དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་ཁྱོད་རྣམས་ཀྱི་སྟེང་ལ་འབར་ནས་ཁོང་གིས་ནམ་མཁའི་སྒོ་དགག་ཅིང་ཆར་ཆུ་མི་གནང་ལ། ཞིང་ལ་ལོ་ཏོག་ཀྱང་མི་སྐྱེ། དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་གནང་བའི་ཡུལ་བཟང་པོ་ནས་ཁྱོད་ཅག་མྱུར་དུ་འཇིག་པར་འགྱུར་རོ། །
18 དེ་བས་བདག་གི་གཏམ་རྣམས་ཁྱོད་ཅག་གི་སེམས་དང་ཡིད་ལ་ཆོངས་ཤིག དེ་རྣམས་རྟགས་ཀྱི་དོད་དུ་ལག་པའི་སྟེང་དང་དཔྲལ་བར་དཀྲི་དགོས།
19 ཡང་ཁྱོད་རྣམས་ཀྱིས་ཁྱིམ་ནས་འདུག་དུས་དང་ལམ་དུ་འགྲོ་དུས་དང་། མར་ཉལ་དུས་དང་ཡར་ལངས་དུས་ནམ་ཡིན་ཡང་དེ་རྣམས་རང་གི་བུ་དང་བུ་མོ་རྣམས་ལ་ཁྲིད་ནས་འཆད་དགོས།
20 བཀའ་དེ་རྣམས་ཁང་པའི་སྒོ་འགྲམ་དང་མཁར་སྒོའི་སྟེང་དུ་ཡང་འབྲི་དགོས།
21 དེ་ནས་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་གི་ཕ་མེས་རྣམས་ལ་གནང་བར་མནའ་བཞེས་པའི་ཡུལ་དུ། ཁྱོད་ཅག་དང་ཁྱོད་ཅག་གི་བུ་རྒྱུད་རྣམས་ཀྱི་ཚེ་འཕེལ་བར་འགྱུར་ཏེ། ས་གཞི་སྟེང་གི་ནམ་མཁའ་གནས་པ་ལྟར་ཡིན་ནོ། །
22 གལ་སྲིད་ངས་ཁྱོད་ཅག་ལ་བསྒོས་པའི་བཀའ་ཐམས་ཅད་ཁྱོད་རྣམས་ཀྱིས་ལེགས་པར་བསྲུངས་ཏེ། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ལ་དགའ་ཞིང་། ཁོང་གི་ཕེབས་ལམ་ཀུན་ཏུ་འགྲུལ་ནས་ཁོང་ལ་དམ་པོར་བརྟེན་ན།
23 དཀོན་མཆོག་ཡ་ཝཱེས་མི་རིགས་འདི་ཐམས་ཅད་ཁྱོད་རྣམས་ཀྱི་མདུན་ནས་སྤྱུག་ཅིང་། ཁྱོད་རྣམས་ལས་སྟོབས་ཆེ་ཞིང་གྲངས་མང་བའི་མི་རིགས་རྣམས་ཀྱི་ཡུལ་ནི་ཁྱོད་ཅག་གིས་ལེན་པར་འགྱུར།
24 ཁྱོད་རྣམས་ཀྱི་རྐང་པ་སྤོས་པའི་ས་ཆ་ཡོད་ཚད་ཁྱོད་ཅག་གི་ཡིན་པ་དང་། དབེན་སྟོང་ནས་ལེ་པཱ་ནོན་དང་ཕི་རཱད་གཙང་པོ་ནས་ནུབ་མཚོའི་བར་དུ་ཁྱོད་ཅག་གི་ས་མཚམས་ཡིན།
25 མི་གཅིག་ཀྱང་ཁྱོད་རྣམས་ཀྱི་མདུན་ནས་ཚུགས་མི་ཐུབ་སྟེ། ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་གསུངས་པ་ནང་བཞིན། ཁོང་གིས་ཁྱོད་རྣམས་ཀྱི་རྐང་པ་སྤོ་སའི་ཡུལ་གྱི་ཡུལ་མི་ཐམས་ཅད་ཁྱོད་རྣམས་ལ་འཇིགས་ཤིང་དངངས་པར་བྱའོ། །
26 ལྟོས་དང་། བདག་གིས་དེ་རིང་ཁྱོད་རྣམས་ཀྱི་མདུན་དུ་བྱིན་རླབས་དང་དམོད་མོ་གཉིས་ཀ་བཤམས་ཡོད།
27 གལ་སྲིད་ཁྱོད་རྣམས་ཀྱིས་ངས་དེ་རིང་ཁྱོད་ཅག་ལ་བསྒོས་པའི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་བཀའ་རྒྱ་རྣམས་ལ་མཉན་ན་བྱིན་རླབས་འཐོབ་པ་དང་།
28 གལ་སྲིད་ཁྱོད་ཅག་གིས་རང་གི་དཀོན་མཆོག་ཡ་ཝཱེའི་བཀའ་རྒྱ་རྣམས་ལ་མི་ཉན་པར། དེ་རིང་ངས་ཁྱོད་ཅག་ལ་འགྲུལ་དགོས་པར་བསྒོས་པའི་ལམ་ནས་ལོག་པར་སྐྱོད་ཅིང་། ཁྱོད་རྣམས་ལ་རྒྱུས་མི་མངའ་བའི་ལྷ་གཞན་དག་གི་རྗེས་སུ་འབྲངས་ན་དམོད་མོ་ཕོག་པར་འགྱུར་རོ། །
29 དེ་ཡང་ཁྱོད་རྣམས་ཀྱིས་ཡུལ་དེ་བདག་གིར་འཛིན་པའི་ཆེད་དུ། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཡུལ་དེར་འཁྲིད་པའི་དུས་སུ། ཁྱོད་རྣམས་ཀྱིས་རི་བོ་གེ་རི་ཟིམ་ལ་བྱིན་རླབས་བསྒྲག་པ་དང་། རི་བོ་ཨེ་བཱལ་ལ་དམོད་པ་བསྒྲག་དགོས།
30 རི་བོ་དེ་གཉིས་ཀ་ཡོར་དན་གཙང་པོའི་ཕ་རོལ་ཏུ་ཉི་མ་ནུབ་པའི་ཕྱོགས་སུ། གིལ་གལ་ཕར་ཕྱོགས་ཀྱི་ཨ་ར་པཱ་རུ་ཡོད་པའི་ཀ་ན་ཨན་པའི་ཡུལ་དུ། མོར་རེའེ་ཡི་བེ་ཤིང་གི་ཉེ་འགྲམ་དུ་ཡོད་པ་མ་ཡིན་ནམ།
31 ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་གནང་བའི་ཡུལ་གྱི་བདག་དབང་ལེན་ཕྱིར། ད་ལྟ་ཁྱོད་རྣམས་ཡོར་དན་གཙང་པོ་བརྒལ་ནས་ཡུལ་དེ་ལེན་དགོས་པ་དང་དེ་རུ་གཞིས་ཕབ་དགོས།
32 དེ་རིང་ངས་ཁྱོད་རྣམས་ཀྱི་མདུན་དུ་བཀོད་པའི་སྒྲིག་ཁྲིམས་དང་སྲོལ་ཡིག་ཐམས་ཅད་གཟབ་གཟབ་ངང་བསྒྲུབ་པར་གྱིས་ཤིག་ཨང་།