ལེའུ་བཅོ་བརྒྱད་པ།
ལེ་ཝི་པ་ལ་མཐུན་རྐྱེན་སྦྱོར་དགོས་པ།
ལེ་ཝི་ཚོ་པའི་མཆོད་དཔོན་རྣམས་དང་ལེ་ཝི་ཚོ་པ་ཡོངས་ལ་ཡེས་ར་ཨེལ་གྱི་ཁྲོད་དུ་ཐོབ་སྐལ་དང་ནོར་སྐལ་མེད་པས། ཁོ་རྣམས་ཀྱི་ཟས་སྐལ་ནི་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་མེ་མཆོད་དང་ཁོ་རྣམས་ལ་འཐོབ་འོས་པའི་སྐལ་བཞིན་དུ་བཟའ་དགོས། ལེ་ཝི་པ་རྣམས་ལ་སྤུན་ཟླའི་ཁྲོད་དུ་སྐལ་མེད་དེ། དཀོན་མཆོག་ཡ་ཝཱེས་དེ་དག་ལ་ཞལ་བཞེས་གནང་བ་ཇི་བཞིན། ཁོང་ནི་དེ་དག་གི་ནོར་སྐལ་ཡིན་ནོ། །
མཆོད་དཔོན་རྣམས་ལ་མི་མང་ལས་འཐོབ་འོས་པའི་སྐལ་ནི་འདི་ལྟ་སྟེ། མི་ཡིས་བ་གླང་དང་ར་ལུག་གང་ཞིག་སྦྱིན་སྲེག་གི་མཆོད་པར་ཕུལ་ནའང་། དེའི་ལག་ངར་དང་འགྲམ་པ་གཉིས་ཀ་དང་། གྲོད་པུ་བཅས་ནི་མཆོད་དཔོན་ལ་སྐལ་དུ་སྟེར་དགོས། ཁྱོད་རྣམས་ཀྱིས་ཡང་འབྲུ་རིགས་ཀྱི་ཐོག་ཕུད་དང་རྒུན་ཆང་གསར་པ། སྣུམ་གསར་པ། ལུག་བལ་འབྲེག་ཐེངས་དང་པོ་བཅས་ནི་ཁོ་རྣམས་ལ་སྟེར་དགོས། གང་ལ་ཞེ་ན། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁོ་དང་ཁོའི་བུ་རྒྱུད་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་མཚན་ནས་རྟག་ཏུ་བསྙེན་བཀུར་བྱེད་ཆེད། ཁྱོད་རྣམས་ཀྱི་ཚོ་པ་ཁག་ནས་ཁོ་རྣམས་བདམས་པ་ཡིན་ནོ། །
གལ་སྲིད་ཡེས་ར་ཨེལ་གྱི་གྲོང་རྡལ་གང་རུང་དུ་གནས་པའི་ལེ་ཝི་པ་ཞིག་དེར་ཁ་བྲལ་ནས། བློ་གཅིག་སེམས་གཅིག་གིས་དཀོན་མཆོག་ཡ་ཝཱེས་བདམས་པའི་ཡུལ་དུ་འོངས་པ་ཡིན་ན། དེ་ནས་མི་དེས་ཡུལ་དེར་དཀོན་མཆོག་ཡ་ཝཱེའི་དྲུང་དུ་འགྲེང་བའི་སྤུན་ཟླ་ལེ་ཝི་པ་རྣམས་དང་མཚུངས་པར། ཁོའི་དཀོན་མཆོག་ཡ་ཝཱེའི་མཚན་ནས་བསྙེན་བཀུར་བྱས་ཆོག་པ་ཡིན། མི་དེར་རང་གི་ཕ་གཞིས་ནས་ཐོབ་པའི་ནོར་སྐལ་ལས་གཞན། ཁོའི་སྤུན་ཟླ་རྣམས་དང་མཉམ་པའི་ཟས་སྐལ་ཡང་འཐོབ་པ་ཡིན་ནོ། །
སྐྱུག་བྲོ་བའི་བྱ་སྤྱོད་འདོར་དགོས་པ།
ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་གནང་བའི་ཡུལ་དུ་སླེབས་ཚེ། ཕྱི་ཕྱོགས་པ་དེ་དག་གི་སྐྱུག་བྲོ་བའི་བྱ་སྤྱོད་རྣམས་བསླབས་ནས་དེའི་རྗེས་སུ་འབྲང་མི་རུང་། 10 ཁྱོད་རྣམས་ཀྱི་ཁྲོད་དུ་མི་སུ་ཡིན་ཡང་རང་གི་བུ་དང་བུ་མོ་མེ་མཆོད་དུ་འབུལ་མི་རུང་ལ། མོ་པ་དང་རྩིས་པ་དང་། ལྟས་མཁན་དང་། སྒྱུ་མ་མཁན་དང་། 11 མཐུ་གཏོང་མཁན་དང་། ལྷ་པ་དང་། གཤིན་འདྲེ་འགུག་མཁན་དང་། གཤིན་མོ་འདེབས་མཁན་བཅས་ཡོད་མི་རུང་། 12 གང་ལ་ཞེ་ན། དེ་བཞིན་བྱེད་མཁན་ལ་དཀོན་མཆོག་ཡ་ཝཱེ་ཞེ་ལོག་པ་ཡིན་ལ། སྐྱུག་བྲོ་བའི་བྱ་སྤྱོད་དེ་དག་གི་ཕྱིར། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་དེ་དག་ཁྱོད་རྣམས་ཀྱི་མདུན་ནས་གཞན་དུ་སྤྱུགས་པའོ། ། 13 ཁྱོད་རྣམས་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་མི་ཉེས་མེད་ཅིག་ཡིན་དགོས། 14 ཁྱོད་རྣམས་ཀྱིས་སྐྲོད་པར་འགྱུར་བའི་མི་རིགས་དེ་དག་གིས་རྩིས་པ་དང་མོ་པ་རྣམས་ཀྱི་ཁ་ལ་མཉན་ནའང་། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་དེ་ལྟར་བསྒྲུབ་པའི་དགོངས་པ་གནང་མེད་དོ། །
མོ་ཤེ་དང་མཚུངས་པའི་ལུང་སྟོན་པ།
15 ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་བདག་དང་འདྲ་བའི་ལུང་སྟོན་པ་ཞིག་ཁྱོད་ཅག་གི་སྤུན་ཟླའི་ཁྲོད་ནས་བཞུགས་པར་མཛད་དེ། ཁྱོད་རྣམས་ཀྱིས་ཁོང་ལ་མཉན་དགོས། 16 དེ་ནི་ཁྱོད་རྣམས་ཀྱིས་རི་བོ་ཧོ་རེབ་ཀྱི་འདུ་འཛོམས་ཉིན་མོར་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ། ང་ཚོ་འཆི་དགོས་པ་མིན་ན། ངའི་དཀོན་མཆོག་ཡ་ཝཱེའི་གསུང་སྐད་ང་ཚོར་ཐོས་སུ་མི་འཇུག་པ་དང་། མེ་ཆེན་པོ་དེ་ཡང་ང་ཚོར་མཐོང་དུ་མི་འཇུག་རོགས་ཞེས་ཞུས་པ་ནང་བཞིན་ཡིན་ནོ། ། 17 དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། དེ་དག་གིས་བཤད་པ་རྣམས་བདེན་ནོ། ། 18 ངས་དེ་དག་ལ་ཁྱོད་དང་འདྲ་བའི་ལུང་སྟོན་པ་ཞིག་ཁོ་ཚོའི་སྤུན་ཟླའི་ཁྲོད་ནས་བསྐྱངས་ཏེ། ངས་རང་གི་བཀའ་དེའི་ཁ་རུ་འཇོག་ཅིང་། དེས་ངས་བསྒོ་བ་ཐམས་ཅད་དེ་རྣམས་ལ་བརྗོད་པར་བྱའོ། ། 19 ཁོས་ངའི་མིང་ནས་བརྗོད་པའི་བཀའ་རྣམས་ལ་སུ་ཞིག་གིས་མ་མཉན་ན། ང་རང་གིས་མི་དེའི་སྡིག་པར་རྩད་གཅོད་ངེས་ཡིན། 20 འོན་ཀྱང་ལུང་སྟོན་པ་ཞིག་གིས་ངས་དེ་ལྟར་སྨྲ་བར་མ་བསྐུལ་ནའང་། ངའི་མིང་ནས་འོལ་ཚོད་ཀྱིས་དེ་ལྟར་སྨྲས་པའམ། ལྷ་གཞན་དག་གི་མིང་ནས་གཏམ་འཆད་པ་ཡིན་ན། ལུང་སྟོན་པ་དེ་འཆི་དགོས་སོ་ཞེས་བཀའ་བསྩལ་ཡོད། 21 ཁྱོད་རྣམས་ཀྱི་སེམས་ནས་དཀོན་མཆོག་ཡ་ཝཱེས་གསུང་མ་མྱོང་བའི་བཀའ་ནི་ངེད་ཅག་གིས་ཅི་ལྟར་རྟོགས་སམ་སྙམ་ན། 22 གལ་སྲིད་ལུང་སྟོན་པ་ཞིག་གིས་དཀོན་མཆོག་ཡ་ཝཱེའི་མིང་ནས་གཏམ་བཤད་ཀྱང་། བཀའ་དེ་དེ་བཞིན་དུ་མི་འབྱུང་བའམ་མི་འགྲུབ་ན། བཀའ་དེ་ནི་དཀོན་མཆོག་ཡ་ཝཱེས་གསུངས་པ་མ་ཡིན་པར། ལུང་སྟོན་པས་རང་འདོད་དུ་སྨྲས་པ་ཡིན་པས། དེ་ལ་ཁྱོད་རྣམས་འཇིགས་མི་དགོས་ཞེས་གསུངས་སོ། །