ལེའུ་བཅུ་གཅིག་པ།
འགོ་དཔོན་རྣམས་ཀྱིས་ཇུས་ངན་བཤམས་པ།
1 དེ་ནས་ཐུགས་ཉིད་ཀྱིས་ང་རང་ཡར་དྲངས་ཏེ། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ཤར་ཕྱོགས་སུ་འཁོར་བའི་ཤར་སྒོ་རུ་ཁྲིད་པ་ལ། ལྟོས་དང་། སྒོ་ཁ་རུ་མི་ཉེར་ལྔ་ཡོད་ཅིང་དེ་དག་གི་ཁྲོད་དུ་མི་རྣམས་ཀྱི་འགོ་དཔོན་ཨ་ཟུར་གྱི་བུ་ཡ་ཨ་ཟན་ཡཱ་དང་། པེ་ནཱ་ཡའི་བུ་ཕེ་ལད་ཡཱ་གཉིས་ཡོད་པ་ངས་མཐོང་བྱུང་།
2 དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ། འདི་དག་ནི་སྡིག་པའི་ཇུས་འགོད་མཁན་དང་། གྲོང་ཁྱེར་ནང་དུ་གྲོས་ངན་བྱེད་མཁན་རྣམས་ཡིན་ཏེ།
3 ཁོ་ཚོ་ན་རེ། ཁང་པ་བརྩིག་པའི་དུས་ནི་ད་དུང་མ་སླེབས་ཏེ། གྲོང་ཁྱེར་འདི་ནི་སླ་ང་ཡིན་ལ། རང་ཅག་ནི་ཤ་དེ་ཡིན་ཟེར་བས།
4 ཀྱེ་མིའི་བུ། ཁྱོད་ཀྱིས་ལུང་སྟོན་ཅིག ལུང་བསྟན་ནས་དེ་ཚོར་རྒོལ་བར་གྱིས་ཤིག་ཅེས་གསུངས་སོ། །
5 དཀོན་མཆོག་ཡ་ཝཱེའི་ཐུགས་ཉིད་ངའི་སྟེང་དུ་བབས་ནས་ཁོང་གིས་ང་ལ་འདི་སྐད་དུ། ཁྱོད་ཀྱིས་འདི་ལྟར་སྨྲོས་ཤིག དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཀྱེ་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད། ཁྱོད་ཚོས་ངག་ནས་བརྗོད་པ་དང་སེམས་ལ་དྲན་པ་ཐམས་ཅད་ངས་ཤེས་སོ། །
6 ཁྱོད་རྣམས་ཀྱིས་གྲོང་ཁྱེར་འདིའི་ནང་དུ་མི་གང་མང་བསད་དེ། སྲང་ལམ་དུ་བམ་རོས་བཀང་བར་བྱས་པས།
7 གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་ཚོས་གྲོང་ཁྱེར་ནང་དུ་གཡུགས་པའི་གཤིན་པོ་རྣམས་ནི་ཤ་དེ་ཡིན་ཞིང་། གྲོང་ཁྱེར་འདི་ནི་སླ་ང་ཡིན། ཁྱོད་ཚོ་ནི་གྲོང་ཁྱེར་ནས་ཕྱི་རུ་སྐྲོད་པར་འགྱུར།
8 ཁྱོད་རྣམས་རལ་གྲིར་འཇིགས་པས་ངས་ཁྱོད་ཅག་གི་སྟེང་དུ་རལ་གྲི་འབེབ་པར་བྱའོ་ཞེས་གསུངས་ཏེ། གཙོ་བོ་ཡ་ཝཱེས་འདི་སྐད་གསུངས།
9 ངས་ཁྱོད་རྣམས་གྲོང་ཁྱེར་ནས་ཕྱི་རུ་བསྐྲད་དེ་ཕྱི་རོལ་པའི་ལག་ཏུ་གཏོད་ཅིང་། ངས་ཁྱོད་རྣམས་ལ་ཉེས་ཆད་གཅོད་པར་བྱའོ། །
10 ཡེས་ར་ཨེལ་གྱི་ས་མཚམས་བར་དུ་ངས་ཁྱོད་རྣམས་ལ་ཁྲིམས་གཅོད་དེ། ཁྱོད་རྣམས་རལ་གྲིའི་འོག་ཏུ་འགྱེལ་བར་འགྱུར་ཞིང་། དེ་ནས་ཁྱོད་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་རོ། །
11 གྲོང་ཁྱེར་འདི་ནི་ཁྱོད་ཚོའི་སླ་ང་རུ་མི་འགྱུར་ཞིང་། ཁྱོད་རྣམས་ཀྱང་དེའི་ནང་གི་ཤ་རུ་མི་འགྱུར་ཏེ། ཡེས་ར་ཨེལ་གྱི་ས་མཚམས་བར་དུ་ངས་ཁྱོད་རྣམས་ལ་ཁྲིམས་གཅོད་པ་དང་།
12 དེ་ནས་ཁྱོད་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར། གང་ལ་ཞེ་ན། ཁྱོད་ཚོས་ངའི་སྒྲིག་ཁྲིམས་མ་བརྩིས་ཤིང་། ངའི་སྒྲིག་སྲོལ་ཡང་བརྩི་སྲུང་མ་བྱས་པར། ཁྱོད་ཚོའི་ཉེ་འཁོར་གྱི་མི་རིགས་རྣམས་ཀྱི་ཚུལ་བཞིན་དུ་སྤྱད་པ་ཡིན་གསུངས་ཞེས་པའོ་ཞེས་གསུངས་སོ། །
13 ཡང་ངས་ལུང་སྟོན་བཞིན་པའི་དུས་སུ་པེ་ནཱ་ཡའི་བུ་ཕེ་ལད་ཡཱ་ཤིའོ། །དེ་ནས་ངས་ཁ་སར་གཏད་ནས་སྐད་ཆེན་པོས་འདི་ལྟར། ཀྱེ་གཙོ་བོ་ཡ་ཝཱེ་ལགས། ཁྱེད་ཀྱིས་ཡེས་ར་ཨེལ་གྱི་ལྷག་ལུས་རྣམས་ཀྱང་མེད་པར་མཛད་དམ་ཞེས་ཞུས་པ་ཡིན།
རང་ཡུལ་དུ་ལོག་པར་རེ་བ།
14 དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ།
15 ཀྱེ་མིའི་བུ། ཁྱོད་ཀྱི་སྤུན་ཟླ་རྣམས་དང་། གཉེན་ཉེ་དག་དང་། ཁྱོད་དང་མཉམ་དུ་བཙོན་ལ་ཁྲིད་པ་རྣམས་དང་། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཀུན་གྱི་སྐོར་གླེང་ན། དེ་སྔར་ཡེ་རུ་སཱ་ལེམ་གྱི་མི་རྣམས་ན་རེ། ཁོ་རྣམས་དཀོན་མཆོག་ཡ་ཝཱེ་དང་རིང་དུ་བྲལ་ཞིང་། ཡུལ་འདི་ནི་ང་ཚོའི་ནོར་སྐལ་དུ་གནང་བ་ཡིན་ཞེས་ཟེར་བས།
16 ཁྱོད་ཀྱིས་འདི་ལྟར། གཙོ་བོ་ཡ་ཝཱེས་འདི་སྐད་དུ། ངས་དེ་དག་རྒྱང་རིང་ཡུལ་དུ་མི་རིགས་ཀུན་གྱི་ཁྲོད་དུ་བསྐྲད་ནས་ཁོ་རྣམས་ཡུལ་སོ་སོར་གཏོར་ན་ཡང་། དེ་རྣམས་སླེབས་པའི་ཡུལ་སོ་སོར་ང་རང་ཁོ་ཚོའི་གནས་སྐབས་ཀྱི་གནས་དམ་པ་རུ་གྱུར་པ་ཡིན་ཞེས་གསུངས་ཞེས་སྨྲོས་ཤིག
17 དེ་བས་ཁྱོད་ཀྱིས་འདི་ལྟར། གཙོ་བོ་ཡ་ཝཱེས་འདི་སྐད་དུ། ངས་མི་རྣམས་ཀྱི་ཁྲོད་ནས་ཁྱོད་རྣམས་བསྡུ་བར་བྱ་སྟེ། ཁྱོད་རྣམས་གཏོར་བའི་ཡུལ་སོ་སོ་ནས་བསྡུས་ཏེ་ཡེས་ར་ཨེལ་གྱི་ཡུལ་ཁམས་ཁྱོད་ཅག་ལ་གནང་བར་བྱའོ་གསུངས་ཞེས་སྨྲོས་ཤིག
18 དེ་ནས་ཁོ་རྣམས་ཕྱིར་ཡུལ་དེར་ལོག་ཅིང་། ཡུལ་དེའི་ཞེན་ལོག་གི་སྐུ་འདྲ་དང་སྐྱུག་བྲོ་བའི་དངོས་པོ་ཐམས་ཅད་མེད་པར་བཟོའོ། །
19 ངས་དེ་དག་ལ་སེམས་གཅིག་གནང་སྟེ། སེམས་ཉིད་གསར་པ་ཞིག་ཁོ་ཚོའི་ནང་དུ་བཞག་ནས། ངས་ཁོ་ཚོའི་ལུས་ནས་རྡོ་ལྟ་བུའི་སེམས་དེ་བཏོན་ནས་ཤ་ཡི་སྙིང་ཞིག་ཁོ་རྣམས་ལ་གནང་བར་བྱ་སྟེ།
20 དེ་དག་ལ་ངའི་སྒྲིག་ཁྲིམས་བརྩི་བ་དང་ངའི་སྒྲིག་སྲོལ་ནན་གྱིས་བསྲུང་བར་བཅུག་ནས། དེ་དག་ནི་བདག་གི་འབངས་མི་དང་ང་རང་དེ་དག་གི་དཀོན་མཆོག་ཏུ་འགྱུར་བར་བྱའོ། །
21 ཡིན་ནའང་སེམས་ནས་ཞེན་ལོག་གི་སྐུ་འདྲ་དང་སྐྱུག་བྲོ་བའི་དངོས་པོ་རྣམས་ཀྱི་རྗེས་སུ་འབྲངས་པའི་མི་དག་ལ། དེ་དག་གིས་སྤྱད་པའི་ལས་བཞིན་དུ་ངས་ཁོ་ཚོའི་སྟེང་དུ་ལན་འཇལ་ལོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། །
22 དེ་ནས་ཀེ་རུབ་རྣམས་ཀྱིས་གཤོག་པ་བརྐྱངས་ཤིང་འཁོར་ལོ་རྣམས་དེ་དག་གི་ལོགས་སུ་ཡོད་དེ། ཡེས་ར་ཨེལ་གྱི་དཀོན་མཆོག་གི་གཟི་བརྗིད་དེ་དག་གི་སྟེང་དུ་མཆིས་སོ། །
23 དཀོན་མཆོག་ཡ་ཝཱེའི་གཟི་བརྗིད་གྲོང་ཁྱེར་ནས་ཡར་འཕགས་ཏེ། གྲོང་ཁྱེར་ཤར་ཕྱོགས་ཀྱི་རི་མགོར་བཞུགས་ཤིང་།
24 ཐུགས་ཉིད་ཀྱིས་ང་ཡར་དྲངས་པ་དང་། ཞལ་གཟིགས་ཀྱི་ནང་དུ་དཀོན་མཆོག་གི་ཐུགས་ཉིད་ལ་བརྟེན་ནས། ང་ནི་ཀལ་དི་རུ་བཙོན་པ་རྣམས་ཀྱི་རྩར་ཁྲིད་ཅིང་། ངས་མཐོང་བའི་ཞལ་གཟིགས་དེ་ང་དང་བྲལ་ནས་ཡར་འཕགས་སོ། །
25 དེ་ནས་ངས་དཀོན་མཆོག་ཡ་ཝཱེས་ང་ལ་བསྟན་པའི་དོན་ཐམས་ཅད་བཙོན་པ་རྣམས་ལ་བཤད་དོ། །