ལེའུ་བཅུ་བཞི་པ།
སྐུ་འདྲ་ལ་དད་པའི་སྡིག་པར་བཀའ་བཀྱོན་གནང་བ།
1 དེ་ནས་ཡེས་ར་ཨེལ་གྱི་རྒན་པོ་འགའ་ང་དང་འཕྲད་དུ་འོངས་ནས་ངའི་མདུན་དུ་བསྡད་པ་དང་།
2 དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ།
3 ཀྱེ་མིའི་བུ། མི་འདི་རྣམས་ཀྱིས་རང་གི་སྐུ་འདྲ་རྣམས་སེམས་སུ་བླངས་པ་དང་། ཁོ་ཚོ་སྡིག་པའི་ནང་ལྷུང་བར་བྱེད་པའི་བཀག་རྡོ་དེ་རང་གི་མདུན་དུ་བཞག་པས། ངས་ཅི་ལྟར་དེ་ཚོར་ང་ལ་ཞུ་བར་འཇུག་གམ།
4 དེའི་ཕྱིར་ཁྱོད་ཀྱིས་ཁོ་རྣམས་ལ་འདི་ལྟར། གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་ནང་དུ། རང་གི་སྐུ་འདྲ་སེམས་སུ་བླངས་པ་དང་། རང་ཉིད་སྡིག་པའི་ནང་ལྷུང་བར་བྱེད་པའི་བཀག་རྡོ་དེ་རང་གི་མདུན་དུ་འཇོག་མཁན་དང་། ཡང་ལུང་སྟོན་པའི་དྲུང་དུ་ཡོང་མཁན་དེ་ལ། ང་ཡ་ཝཱེས་དེ་ཡིས་སྐུ་འདྲ་མང་པོར་ཕྱག་བཙལ་བའི་སྡིག་པ་བཞིན་དུ་ལན་འཇལ་ཏེ། ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་སེམས་འགུག་པར་བྱའོ། །
5 དེ་དག་ཐམས་ཅད་ནི་རང་གི་སྐུ་འདྲའི་རྐྱེན་གྱིས་ང་དང་རིང་དུ་གྱེས་པ་ཡིན་གསུངས་ཞེས་སྨྲོས་ཤིག
6 དེ་བས་ཁྱོད་ཀྱིས་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་རྣམས་ལ་འདི་ལྟར་སྨྲོས་ཤིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། རང་གི་སྐུ་འདྲ་རྣམས་དང་བྲལ་ནས་རང་གི་ཞེན་ལོག་གི་རྫས་ཐམས་ཅད་ནས་ཁ་ཕྱིར་འཁོར་ཏེ་སེམས་སྒྱུར་ཅིག
7 གང་ལ་ཞེ་ན། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་དང་ཡང་ན་ཡེས་ར་ཨེལ་གྱི་ཁྲོད་དུ་བྱེས་སུ་སྡོད་པའི་མི་རིགས་གཞན་གྱི་ནང་དུ་ང་དང་རིང་དུ་གྱེས་ནས། རང་གི་སྐུ་འདྲ་རྣམས་སེམས་སུ་བླངས་པ་དང་། རང་ཉིད་སྡིག་པའི་ནང་ལྷུང་བར་བྱེད་པའི་བཀག་རྡོ་དེ་རང་གི་མདུན་དུ་བཞག་སྟེ། ཡང་ལུང་སྟོན་པའི་དྲུང་དུ་འོངས་ཏེ་རང་གི་ཕྱིར་དུ་ང་ལ་ཞུ་མཁན་དག་ལ། ང་ཡ་ཝཱེས་དངོས་སུ་ལན་འཇལ་ངེས་ཡིན།
8 མི་དེའི་ཕྱོགས་སུ་ངའི་གདོང་མདོག་འགྱུར་ནས། དེ་ནི་མི་གཞན་པའི་དཔེ་མཚོན་དང་ཁ་དཔེ་རུ་འགྱུར་བར་བྱེད་ཅིང་། ཡང་བདག་གིས་རང་གི་འབངས་མི་ལས་དེ་ཚར་དུ་གཅོད་པར་བྱའོ། །དེ་ནས་ཁྱོད་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར།
9 ཡང་ལུང་སྟོན་པ་སུ་ཞིག་གཞན་གྱིས་བསླུས་ནས་གཏམ་བཤད་པ་ཡིན་ན། དེ་ནི་ང་ཡ་ཝཱེས་ལུང་སྟོན་པ་དེ་བསླུ་རུ་བཅུག་པ་ཡིན་ཏེ། ངས་རང་གི་ལག་པ་བརྐྱངས་ནས་དེ་ལ་རྒོལ་ཞིང་། ངའི་འབངས་མི་ཡེས་ར་ཨེལ་གྱི་ཁྲོད་ནས་མི་དེ་མེད་པར་བྱའོ། །
10 དེ་ནས་ཁོ་རྣམས་ཀྱིས་རང་གི་སྡིག་པ་འཁུར་ཞིང་། ལུང་སྟོན་པ་རྣམས་ཀྱི་སྡིག་པ་ཅི་ལྟར་ཡིན་ན། ཞུ་མཁན་གྱི་སྡིག་པའང་དེ་ལྟར་ཡིན།
11 དེ་བཞིན་བྱས་ན་ད་ནི་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཀྱིས་ལམ་བོར་ནས་ང་དང་མི་འབྲལ་ཞིང་། རང་གི་ཉེས་སྐྱོན་ཀུན་གྱི་དབང་གིས་རང་ཉིད་བཙོག་པར་ཡང་མི་བཟོ་ལ། དེ་དག་ངའི་འབངས་མི་རུ་འགྱུར་ཞིང་། ང་ནི་དེ་དག་གི་དཀོན་མཆོག་ཏུ་འགྱུར་རོ་ཞེས་གསུངས་ཏེ། གཙོ་བོ་ཡ་ཝཱེས་དེ་སྐད་གསུངས་སོ། །
དྲང་བདེན་ཅན་རྣམས་སྐྱོབ་ཅིང་ངན་པ་རྣམས་ཚར་དུ་གཅོད་པ།
12 ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ།
13 ཀྱེ་མིའི་བུ། གལ་ཏེ་ཡུལ་གང་ཞིག་གིས་བློ་མི་དཀར་བའི་ལས་སྤྱད་དེ་ང་ལ་འགལ་བའི་སྡིག་པ་བྱས་ན། ངས་རང་གི་ལག་པ་བརྐྱངས་ནས་ཡུལ་དེ་ལ་རྒོལ་ཞིང་། ཡུལ་དེའི་ཁ་ཟས་བཅད་དེ་ཡུལ་དེར་མུ་གེ་སླེབ་ཏུ་འཇུག་ཅིང་། མི་ཕྱུགས་གཉིས་ཀ་ཡུལ་དེ་ནས་ཚར་དུ་གཅོད་པར་བྱ།
14 ཇི་སྟེ་ནོ་ཨ་དང་དཱ་ནི་ཨེལ། ཨེས་ཡོབ་བཅས་པའི་སྐྱེས་བུ་གསུམ་པོ་དེ་རུ་ཡོད་ནའང་། དེ་དག་གིས་རང་ཉིད་དྲང་བདེན་ཡིན་པའི་དབང་གིས་རང་སྲོག་ལས་གཞན་སྐྱོབ་མི་ནུས་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། །
15 གལ་ཏེ་ངས་ཡུལ་དེར་གཅན་གཟན་རྒྱུ་རུ་བཅུག་སྟེ། ཡུལ་དེའི་ཕྲུ་གུ་རྣམས་རྨེག་མེད་དུ་བཏང་ནས་སྟོང་བར་འགྱུར་བ་དང་། གཅན་གཟན་དེ་དག་གི་རྐྱེན་གྱིས་ཐ་ན་ཡུལ་དེར་བརྒྱུད་ནས་འགྲོ་ཕོད་མཁན་ཡང་མེད་པ་ཡིན་ན།
16 སྐྱེས་བུ་དེ་གསུམ་པོ་ཡུལ་དེར་ཡོད་ནའང་། དེ་དག་གིས་རང་ཉིད་ཁོ་ན་སྐྱོབ་པ་ལས། ཐ་ན་རང་གི་བུ་དང་བུ་མོའང་སྐྱོབ་མི་ནུས་ལ། ཡུལ་དེ་སྔར་བཞིན་སྟོང་བར་ལུས་པའོ་ཞེས་བདག་གིས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་ཡིན་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། །
17 གལ་ཏེ་ངས་ཡུལ་དེར་རལ་གྲི་དྲངས་ནས་འདི་སྐད་དུ། ངས་མི་ཕྱུགས་གཉིས་ཀ་ཡུལ་དེ་ནས་ཚར་དུ་གཅོད་པའི་ཕྱིར་དུ། རལ་གྲི་ནི་ཡུལ་དེར་རྒྱུ་བར་ཤོག་ཅེས་སྨྲས་པ་ཡིན་ན།
18 སྐྱེས་བུ་དེ་གསུམ་པོ་ཡུལ་དེར་ཡོད་ནའང་། དེ་དག་གིས་རང་ཉིད་ཁོ་ན་སྐྱོབ་པ་ལས། ཐ་ན་རང་གི་བུ་དང་བུ་མོའང་སྐྱོབ་མི་ནུས་སོ་ཞེས་བདག་གིས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་ཡིན་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། །
19 གལ་ཏེ་ངས་ཡུལ་དེར་རིམས་ནད་མངགས་ཏེ་ཁྲག་བཞུར་བའི་དོན་བརྒྱུད་ནས་ངའི་ཁོང་ཁྲོ་ཡུལ་དེར་བླུགས་ཏེ། མི་ཕྱུགས་གཉིས་ཀ་ཡུལ་དེ་ནས་ཚར་བཅད་པ་ཡིན་ན།
20 ནོ་ཨ་དང་དཱ་ནི་ཨེལ། ཨེས་ཡོབ་བཅས་པའི་སྐྱེས་བུ་གསུམ་པོ་དེ་རུ་ཡོད་ནའང་། བདག་གིས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་སྟེ། དེ་དག་གིས་རང་ཉིད་དྲང་བདེན་ཡིན་པའི་དབང་གིས་རང་སྲོག་ལས་གཞན་ཐ་ན་རང་གི་བུ་དང་བུ་མོའང་སྐྱོབ་མི་ནུས་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། །
21 ཡང་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ངས་རལ་གྲི་དང་མུ་གེ གཅན་གཟན། རིམས་ནད་བཅས་འཇིགས་སུ་རུང་བའི་ཉེས་ཆད་བཞི་པོ་ཡེ་རུ་སཱ་ལེམ་གྱི་སྟེང་དུ་འབབ་པར་བྱས་ཏེ། མི་ཕྱུགས་གཉིས་ཀ་ཡུལ་དེ་ནས་ཚར་གཅོད་དུས། གནས་ཚུལ་ནི་དེ་ལས་ཀྱང་ཚབས་ཆེན་མ་ཡིན་ནམ།
22 ལྟོས་དང་། དེའི་ནང་དུ་བྲོས་ནས་ཐར་བའི་ལྷག་ལུས་རྣམས་ཡོད་ཅིང་། དེ་དག་གིས་བུ་དང་བུ་མོ་རྣམས་ཁྲིད་ནས་ཕྱིར་ཐོན་ཏེ་ཁྱོད་ཀྱི་མདུན་དུ་འོངས་པ་དང་། ཁྱོད་ཅག་གིས་དེ་ཚོའི་བྱ་བ་སྤྱོད་པ་རྣམས་མཐོང་ན། ངས་ཡེ་རུ་སཱ་ལེམ་གྱི་སྟེང་དུ་ཕབ་པའི་བར་ཆད་ཐམས་ཅད་ཀྱི་དབང་གིས་སེམས་གསོ་འཐོབ་པར་འགྱུར་ལ།
23 ཁྱོད་ཅག་གིས་དེ་ཚོའི་བྱ་བ་སྤྱོད་པ་རྣམས་མཐོང་ན་སེམས་གསོ་འཐོབ་པར་འགྱུར། གང་ལ་ཞེ་ན། ངས་ཡེ་རུ་སཱ་ལེམ་དུ་བྱས་པ་ཐམས་ཅད་རྒྱུ་མཚན་མེད་པ་ཞིག་མ་ཡིན་པ་ཁྱོད་རྣམས་ཀྱིས་ཤེས་པར་འགྱུར་བས་སོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་པའོ། །