ལེའུ་ཉེར་ལྔ་པ།
ཨམ་མོན་ལ་ལན་འཇལ་བར་ལུང་སྟོན་པ།
1 དེ་ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ།
2 ཀྱེ་མིའི་བུ། ཁྱོད་ཀྱིས་ཨམ་མོན་པར་གདོང་གཏད་ནས་ཁོ་ཚོར་རྒོལ་བའི་ལུང་སྟོན་ཅིག
3 ཁྱོད་ཀྱིས་ཨམ་མོན་པ་རྣམས་ལ་འདི་ལྟར་སྨྲོས་ཤིག ཁྱོད་ཚོས་གཙོ་བོ་ཡ་ཝཱེའི་གསུང་ལ་ཉོན་དང་། གཙོ་བོ་ཡ་ཝཱེས་འདི་སྐད་དུ། ངའི་གནས་དམ་པ་བཙོག་པར་བཟོས་ཤིང་། ཡེས་ར་ཨེལ་གྱི་ཡུལ་ཁམས་སྟོངས་པར་གྱུར་ནས་ཡ་ཧུ་དཱའི་ཁྱིམ་རྒྱུད་བཙོན་དུ་ཁྲིད་པའི་དུས་སུ། ཁྱོད་ཀྱིས་དེ་དག་ལ་ཁྲེལ་དགོད་བྱས་པས།
4 ལྟོས་དང་། ངས་ཁྱོད་ནི་ཤར་ཕྱོགས་པའི་ལག་ཏུ་ནོར་སྐལ་དུ་གཏོད་ཅིང་། དེ་དག་གིས་ཁྱོད་ཀྱི་གནས་སུ་གུར་ཕུབ་ནས་ཁྱོད་ཀྱི་དབུས་སུ་གཞིས་ཆགས་པ་དང་། དེ་དག་གིས་ཁྱོད་ཀྱི་འབྲས་བུ་བཟའ་ཞིང་ཁྱོད་ཀྱི་འོ་མ་བཏུང་བར་འགྱུར།
5 ངས་རབ་བཱ་ནི་རྔ་མོང་འཚོ་སར་འགྱུར་དུ་བཅུག་སྟེ། ཨམ་མོན་པའི་ཡུལ་ནི་ལུག་ཁྱུ་ཉལ་སའི་གནས་སུ་འགྱུར་བར་བྱས་ན། ཁྱོད་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར།
6 གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་རྐང་འཁྲབ་ལག་འཁྲབ་བྱས་ཏེ་སེམས་ལ་ཞེ་སྡང་གིས་ཁེངས་ནས། ཡེས་ར་ཨེལ་ལ་བྱུང་བའི་སྡུག་བསྔལ་གྱི་དབང་གིས་དགའ་མགུ་བྱས་པས།
7 ལྟོས་དང་། ངས་ལག་པ་བརྐྱངས་ནས་ཁྱོད་ལ་རྒོལ་ཞིང་ཁྱོད་ནི་ཕྱི་ཕྱོགས་པའི་བཅོམ་ནོར་དུ་སྦྱིན་པ་དང་། ངས་མི་ཐམས་ཅད་ལས་ཁྱོད་ཚར་གཅོད་ཅིང་། ཁྱོད་ནི་ཡུལ་ཀུན་ནས་མེད་པར་བྱའོ། །ངས་ཁྱོད་མེད་པར་བྱས་ན་ཁྱོད་ཀྱིས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་གསུངས་ཞེས་པའོ་ཞེས་གསུངས་སོ། །
མོ་ཨབ་ལ་ལན་འཇལ་བ།
8 གཙོ་བོ་ཡ་ཝཱེས་འདི་སྐད་དུ། མོ་ཨབ་དང་སེ་ཨིར་གཉིས་ན་རེ། ལྟོས་དང་། ཡ་ཧུ་དཱའི་ཁྱིམ་རྒྱུད་ནི་ཕྱི་ཕྱོགས་པ་ཀུན་དང་འདྲའོ་ཟེར་བས།
9 ལྟོས་དང་། ངས་མོ་ཨབ་ཀྱི་ཕྱོགས་གཅིག་གི་འགོག་སྲུང་མེད་པར་བྱས་ཏེ། ཁོ་ཚོས་ཡུལ་དེའི་གཟི་བརྗིད་དུ་རྩི་བའི་པེད་ཡེ་ཤི་མོད་དང་། པཱ་ཨལ་མེ་ཨོན། ཀིར་ཡ་ཐཱ་ཡེམ་བཅས་པ་སྟེ། ས་མཚམས་ཀྱི་གྲོང་ཁྱེར་རྣམས་ནས་འགོ་བརྩམས་ཏེ།
10 ངས་མོ་ཨབ་དང་ཨམ་མོན་པ་བཅས་མཉམ་དུ་ཤར་ཕྱོགས་པའི་ནོར་སྐལ་དུ་གཏོད་ཅིང་། བུ་རྒྱུད་ཀུན་གྱི་ནང་དུ་ཨམ་མོན་པ་ནི་ཡང་བསྐྱར་དྲན་པར་མི་འགྱུར།
11 ངས་མོ་ཨབ་ལ་ཉེས་ཆད་གཅོད་པར་བྱ་སྟེ། དེ་ནས་ཁོ་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་ཞེས་གསུངས་སོ། །
ཨེ་དོམ་ལ་ལན་འཇལ་བ།
12 གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཨེ་དོམ་གྱིས་ཡ་ཧུ་དཱའི་ཁྱིམ་རྒྱུད་ལ་འཁོན་ལན་བསློགས་པས། ཁོ་ཚོས་དེ་བཞིན་སྤྱད་པ་ནི་སྡིག་པ་རབ་ཏུ་ཆེན་པོ་བྱས་པའོ། །
13 དེ་བས་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ངས་ལག་པ་བརྐྱངས་ནས་ཨེ་དོམ་ལ་རྒོལ་ནས་ཡུལ་དེའི་མི་ཕྱུགས་གཉིས་ཀ་ཚར་གཅོད་ཅིང་། ངས་ཨེ་དོམ་ནི་སྟོངས་སུ་འཇུག་པ་དང་། ཐེ་མཱན་ནས་དི་དན་གྱི་བར་དུ་དེ་རྣམས་རལ་གྲིའི་འོག་ཏུ་འཆི་བར་འགྱུར།
14 ངས་རང་གི་འབངས་མི་ཡེས་ར་ཨེལ་པའི་ལག་པ་བརྒྱུད་ནས་ཨེ་དོམ་ལ་ལན་འཇལ་ཞིང་། ཡེས་ར་ཨེལ་པས་ངའི་ཁོང་ཁྲོ་དང་ངའི་ཁྲོ་གཏུམ་ཆེན་པོ་བཞིན་དུ་ཨེ་དོམ་ལ་སྤྱད་པ་སྤྱོད་ཅིང་། དེ་ནས་ཨེ་དོམ་པས་དེ་ནི་ངས་ལན་འཇལ་བ་རྟོགས་སོ་གསུངས་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། །
ཕེ་ལེ་ཤེད་ལ་ལན་འཇལ་བ།
15 གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཡང་ཕེ་ལེ་ཤེད་པས་ཡ་ཧུ་དཱ་པ་རྣམས་ལ་འཁོན་ལན་བསློགས་ཤིང་། སེམས་ནས་མཐོང་ཆུང་བྱས་ཏེ་འཁོན་ལན་བསློགས་པ་དང་། ནམ་ཡིན་ཡང་འཁོན་སེམས་བསྐྱེད་དེ་ཡ་ཧུ་དཱ་མེད་པར་བཟོ་འདོད་པས།
16 གཙོ་བོ་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། ངས་ལག་པ་བརྐྱངས་ནས་ཕེ་ལེ་ཤེད་པ་ལ་རྒོལ་བར་འགྱུར་ཞིང་། ཀེ་རེད་པ་རྣམས་ཚར་བཅད་ནས། རྒྱ་མཚོའི་འགྲམ་གྱི་ལྷག་ལུས་རྣམས་ཀྱང་མེད་པར་བྱའོ། །
17 ངས་ཁྲོ་གཏུམ་ཆེན་པོས་དེ་དག་ལ་སྐྱོན་བཙུགས་ནས་འཁོན་ལན་བསློག་ཅིང་། ངས་དེ་དག་ལ་འཁོན་ལན་སློག་པའི་དུས་སུ། ཁོ་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་རོ་གསུངས་ཞེས་གསུངས་སོ། །