ལེའུ་ཉེར་དགུ་པ།
ཨེ་ཅིབ་ཀྱི་ཡུལ་པཱ་པེལ་ལོན་གྱི་རྒྱལ་པོར་གནང་བ།
དེ་ཡང་ལོ་བཅུ་པའི་ཟླ་བཅུ་པ་ཡི་ཚེས་བཅུ་གཉིས་ཉིན་ལ། དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། ཀྱེ་མིའི་བུ། ཁྱོད་ཨེ་ཅིབ་ཀྱི་རྒྱལ་པོ་ཕཱར་ཨོལ་ཕྱོགས་སུ་འཁོར་ནས་དེ་དང་ཨེ་ཅིབ་ཡོངས་ལ་རྒོལ་བའི་ལུང་སྟོན་ཅིག ཁྱོད་ཀྱིས་འདི་ལྟར་སྨྲོས་ཤིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཀྱེ་ཨེ་ཅིབ་ཀྱི་རྒྱལ་པོ་ཕཱར་ཨོལ། ལྟོས་དང་། ངས་ཁྱོད་ནི་དགྲ་རུ་འཛིན་ཏེ། རང་གི་གཙང་པོ་རྣམས་ཀྱི་ནང་དུ་ཉལ་བའི་ཆུ་སྲིན་ཆེན་པོ་ཁྱོད་ན་རེ། གཙང་པོ་འདི་ནི་ངའི་ཡིན་ཞིང་ང་རང་གིས་བཀོད་དོ་ཞེས་སྨྲས། ཡིན་ནའང་ཡ་ཝཱེས་ཁྱོད་ཀྱི་འགྲམ་པ་གཉིས་ལ་ལྕགས་ཀྱུ་བརྒྱབ་སྟེ། ཁྱོད་ཀྱི་གཙང་པོ་རྣམས་ཀྱི་ཉ་ཐམས་ཅད་ཁྱོད་ཀྱི་ཉ་ཁྲབ་ལ་འབྱར་དུ་འཇུག་ཅིང་། ངས་ཁྱོད་དང་ཁྱོད་ཀྱི་ཉ་ཁྲབ་ལ་འབྱར་བའི་ཉ་ཐམས་ཅད་ཁྱོད་ཀྱི་གཙང་པོ་ལས་ཡར་འབྱིན་པར་བྱའོ། ། ངས་ཁྱོད་ནི་རང་གི་གཙང་པོ་རྣམས་ཀྱི་ཉ་རྣམས་དང་བཅས་དབེན་སྟོང་དུ་འདོར་བར་བྱ་སྟེ། ཁྱོད་ནི་ས་སྟོང་དུ་འགྱེལ་ཞིང་བསྡུ་མཁན་མེད་ལ་ས་འོག་ཏུ་འཇུག་མཁན་ཡང་མེད་དོ། །ངས་ཁྱོད་ནི་ས་ཡི་གཅན་གཟན་དང་ནམ་མཁའི་བྱ་ཡི་ཁ་ཟས་སུ་སྤྲད་ཟིན། དེ་ནས་ཨེ་ཅིབ་ཀྱི་མི་ཐམས་ཅད་ཀྱིས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར། གང་ལ་ཞེ་ན། ཁྱོད་ནི་ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་འདམ་རྩྭའི་འཁར་བ་རུ་གྱུར་པས་སོ། ། དེ་དག་གིས་ལག་པས་ཁྱོད་འཛིན་དུས་ཁྱོད་ནི་ཆག་ནས་གས་ཏེ་ཁོ་ཚོའི་ཕྲག་པ་ཡོད་ཚད་རྨས་པ་དང་། ཁོ་ཚོ་ཁྱོད་ལ་བརྟེན་དུས་ཁྱོད་ནི་ཆག་སྟེ་ཁོ་ཚོའི་རྐེད་ཚིགས་ཡོངས་རྫོགས་འཁྲོག་ཏུ་བཅུག་པས། གཙོ་བོ་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། ངས་རལ་གྲིར་ཁྱོད་ལ་རྒོལ་བར་བྱ་སྟེ། མི་ཕྱུགས་ཐམས་ཅད་ཁྱོད་ཀྱི་ནང་ནས་ཚར་གཅོད་ཅིང་། ཨེ་ཅིབ་ཡུལ་ནི་སྟོངས་ཤིང་འདོར་བར་འགྱུར་ལ། དེ་ནས་མི་ཡིས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར། གང་ལ་ཞེ་ན། སྔར་ཕཱར་ཨོལ་ན་རེ། གཙང་པོ་འདི་ནི་ངའི་ཡིན་ཞིང་ང་རང་གིས་བཀོད་དོ་ཞེས་སྨྲས་པས་ན། 10 ལྟོས་དང་། ངས་ཁྱོད་དང་ཁྱོད་ཀྱི་གཙང་པོ་རྣམས་དགྲ་རུ་འཛིན་ཞིང་། ཨེ་ཅིབ་ཀྱི་ཡུལ་ནི་མིག་དོལ་ནས་བཟུང་སྟེ། སེ་ནེ་དང་གུ་ཤའི་ས་མཚམས་ཀྱི་བར་དུ། ཡོངས་སུ་སྟོངས་ཤིང་འདོར་བར་འགྱུར་རོ། ། 11 མི་ཡི་རྐང་པ་དེར་མི་རྒྱུ་ཞིང་། ཕྱུགས་ཀྱི་རྐང་པ་ཡང་དེར་མི་རྒྱུ་བར། མི་ལོ་བཞི་བཅུའི་རིང་ལ་མི་ནི་དེ་རུ་གནས་པར་མི་འགྱུར་རོ། ། 12 ངས་ཨེ་ཅིབ་ཡུལ་ནི་ས་སྟོང་ནང་གི་ས་སྟོང་དུ་འགྱུར་བར་བྱས་ནས། མི་ལོ་བཞི་བཅུའི་རིང་ལ་དེའི་གྲོང་ཁྱེར་རྣམས་ནི་ཉེ་འཁོར་གྱི་གྲོང་ཁྱེར་ཞིག་རལ་ཅན་ནང་གི་ཞིག་རལ་དུ་འགྱུར་ལ། ངས་ཨེ་ཅིབ་པ་རྣམས་མི་རིགས་སོ་སོའི་ནང་དུ་གཏོར་ཞིང་། ཡུལ་སོ་སོ་རུ་གཏོར་བར་བྱའོ། ། 13 གཙོ་བོ་ཡ་ཝཱེས་འདི་སྐད་དུ། ལོ་བཞི་བཅུ་འགོར་རྗེས། ཁ་ཐོར་དུ་ཕྱིན་པའི་ཨེ་ཅིབ་པ་རྣམས་ནི་ངས་མི་རིགས་སོ་སོའི་ནང་ནས་བསྡུ་བར་འགྱུར་ཞིང་། 14 ངས་བཙོན་དུ་ཁྲིད་པའི་ཨེ་ཅིབ་པ་རྣམས་ཕྱིར་ལོག་ཏུ་བཅུག་ནས་དེ་དག་རང་གི་ཕ་ཡུལ་ཕཱད་རུའུ་སི་བྱ་བ་ལ་ལོག་པར་འགྱུར་ཏེ། གནས་དེར་དེ་ནི་རྒྱལ་ཁམས་དམའ་མོ་ཞིག་ཏུ་འགྱུར་རོ། ། 15 རྒྱལ་ཁམས་འདི་ནི་རྒྱལ་ཁམས་ཀུན་ལས་རབ་ཏུ་དམའ་བར་འགྱུར་ཞིང་། ཕྱིན་ཆད་རྒྱལ་ཁམས་གཞན་དག་གི་མགོ་རུ་འཆོར་མི་ནུས། གང་ལ་ཞེ་ན། དེས་སླར་ཡང་རྒྱལ་ཁམས་རྣམས་ལ་སྲིད་མི་འཛིན་པའི་ཆེད་དུ་ངས་དེ་ཉམས་པར་བྱའོ། ། 16 དེ་ནས་ཨེ་ཅིབ་ནི་ཡེས་ར་ཨེལ་གྱི་རྒྱབ་རྟེན་དུ་མི་འགྱུར་ཞིང་། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་རྣམས་སོང་ནས་ཨེ་ཅིབ་པ་ལ་བརྟེན་པའི་ཚེ། དེ་དག་གིས་རང་གི་སྡིག་པ་དྲན་པར་འགྱུར་ལ། དེ་ནས་ཁོ་ཚོས་བདག་ནི་གཙོ་བོ་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་གསུངས་ཞེས་པའོ་ཞེས་གསུངས་སོ། ། 17 ཡང་ལོ་ཉེར་བདུན་པའི་ཟླ་དང་པོའི་ཚེས་གཅིག་ཉིན་ལ། དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། 18 ཀྱེ་མིའི་བུ། པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་རང་གི་དམག་དཔུང་ལ་དཀའ་སྡུག་མང་པོ་མྱོང་དུ་བཅུག་ནས་ཐཱར་ལ་དམག་བརྒྱབ་སྟེ། ཐ་ན་མི་རེ་རེ་མགོ་ཡི་སྐྲ་ལྷུང་སྟེ་སྤྱི་ཐེར་དུ་གྱུར་པ་དང་ཕྲག་པའང་བཤུས་མོད། འོན་ཀྱང་ཁོ་དང་ཁོའི་དམག་དཔུང་གིས་ཐཱར་ལ་བརྒྱབ་སྟེ་མྱངས་པའི་དཀའ་སྡུག་ལ་དེ་རུ་རྔན་པ་ཅི་ཡང་མ་ཐོབ། 19 དེ་བས་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། ངས་ཨེ་ཅིབ་ཀྱི་ཡུལ་དེ་པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་ལ་སྦྱིན་པར་བྱ་སྟེ། དེས་ཨེ་ཅིབ་ཡུལ་གྱི་རྒྱུ་ནོར་དག་ཁྱེར་ནས་དེའི་ནང་གི་འབྱོར་བ་རྣམས་བཅོམ་ནོར་དུ་འཕྲོག་ཅིང་། དངོས་ཟོག་རྣམས་བཅོམ་ནས་ཁོའི་དམག་དཔུང་གི་གླ་ཆ་རུ་བྱའོ། ། 20 བདག་གིས་ཨེ་ཅིབ་ཡུལ་ནི་དེ་ལ་དཀའ་སྡུག་མྱངས་པའི་རྔན་པ་རུ་སྦྱིན་པ་ཡིན། གང་ལ་ཞེ་ན། དེ་དག་གིས་ངའི་ཆེད་དུ་ཞབས་ཞུ་བསྒྲུབས་པས་སོ་ཞེས་གཙོ་བོ་ཡ་ཝཱེས་གསུངས། 21 ཉིན་དེར་སླེབས་ཚེ། ངས་ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་རྭ་ཅོ་ *སྐྱེ་རུ་འཇུག་ཅིང་། ངས་དེ་དག་གི་དཀྱིལ་དུ་ཨེ་ཟེ་ཀི་ཨེལ་ཁྱོད་ལ་ཁ་གྲགས་སུ་བཅུག་ན། དེ་དག་གིས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་ཞེས་གསུངས་སོ། །
* ལེའུ་ཉེར་དགུ་པ།:21 འདིར་རྭ་ཅོ་ཞེས་པ་ནི་སྟོབས་ཤུགས་ལ་འཇུག་ཅིང་། དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་ལ་སྟོབས་ཤུགས་འཛོམ་པར་བྱེད་པ་ལ་གོ་བ་ཡིན།