ལེའུ་བཞི༌པ།
ཆོས་ཚོགས་ནང་དུ་གཅིག་མཐུན་ཡོང་དགོས་པའི་སྐོར།
དེ་བས་ན། གཙོ་བོའི་ཆེད་དུ་བཙོན་ལ་སྦྱར་པ་བདག་གིས་ཁྱོད་རྣམས་ལ་བསྐུལ་བར༌བྱ་སྟེ། དཀོན་མཆོག་གི་ཞལ་འབོད་ཐོབ་པ་བཞིན་ཁྱོད་ཅག་གི་སྤྱོད་ལམ་ཡང་དེ་དང་མཐུན་དགོས་ཤིང་། ཕྱོགས་ཀུན་ནས་ཁེངས་སྐྱུང༌དང༌ཞི༌འཇམ། ངང་རིང་བཅས་ལ་བརྟེན་ནས། བྱམས་པའི་ངང་ཕན་ཚུན་ལ་བཟོད་སྒོམ་བྱེད་དགོས་པ་དང༌། འགྲིག་པོ་མཐུན་པོ་ཡོང་བའི་སྒོ་ནས། དམ་པའི་ཐུགས་ཉིད་ཀྱིས་གནང་བའི་གཅིག་མཐུན་གྱི་སེམས་པ་དེ་དམ་པོར་བསྲུང་དགོས༌ཏེ། ཁྱོད་རྣམས་རེ་བ་གཅིག་གི་ནང་དུ་ཞལ་འབོད་གནང་བ༌ལྟར། སྐུ་ལུས་གཅིག༌དང༌། དམ་པའི་ཐུགས་ཉིད༌གཅིག གཙོ་བོ་གཅིག དད་པ༌གཅིག ཁྲུས་གསོལ་གཅིག་བཅས༌དང༌། དཀོན་མཆོག་གཅིག་སྟེ་ཐམས་ཅད་ཀྱི་ཡབ་ནི་མཐའ་དག་ལས་ཁྱད་དུ་འཕགས༌ཤིང༌། ཐམས་ཅད་ཀྱི་ཁྲོད་དུ་བརྒྱུད༌པ། ཐམས་ཅད་ཀྱི་ནང་དུ་བཞུགས་པ་བཅས་ཡིན་པའི་ཕྱིར༌རོ།།
འོན༌ཀྱང༌། བདག་ཅག་རེ་རེ་ལ་ཐུགས་རྗེ་གནང་བ་ནི་སྐྱབས་མགོན་མཱ་ཤི་ཀའི་གནང་སྦྱིན་གྱི་ཚད་བཞིན་དུ་གནང་བ་ཡིན༌ཞིང་། དེའི་ཕྱིར། གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ།
འཇིག་རྟེན་སྐྱབས་མགོན་ནམ་མཁར་འཕགས་པའི༌དུས།།
བཙོན་པའི་དཔུང་ཚོགས་དེད་ནས་ཁྲིད་པ་དང་།།
གནང་སྦྱིན་སྣ་ཚོགས་འཇིག་རྟེན་མི་ལ༌གནང༌།།
ཞེས་གསུངས་པའོ།། ནམ་མཁར་འཕགས་ཞེ༌ན། སྔོན་ལ་ས་འོག་གི་གནས་སུའང་བྱོན་པའི་དོན་མ་ཡིན༌ནམ། 10 ས་འོག་གི་གནས་སུ་བྱོན་པ་ཁོང་ནི་ནམ་མཁའ་ལས་ཀྱང་ཡར་འཕགས༌ཏེ། འཇིག་རྟེན་ཁམས་ཀྱི་དངོས་པོ་ཐམས་ཅད་ལ་ཁྱབ་པར་མཛད་པའི་ཕྱིར༌རོ།། 11 ཡང་ཁོང་གི་གནང་སྦྱིན་ནི་ལ་ལ་སྐུ་ཚབ་པ༌དང༌། ལ་ལ་ལུང་སྟོན༌པ། འགའ་ཞིག་འཕྲིན་བཟང་སྒྲོག༌མཁན། འགའ་ཞིག་བདག་སྐྱོང་པ་དང་དགེ་རྒན་བཅས་ཡིན་ཏེ། 12 ཞབས་ཕྱི་ཡི་ལས་འགན་སྣ་ཚོགས་བསྒྲུབ་པའི་ཆེད༌དུ། དད་ལྡན་དམ་པ་རྣམས་སྟ་གོན་བྱེད་པ་དང༌། སྐྱབས་མགོན་མཱ་ཤི་ཀའི་སྐུ་ལུས་གོང་དུ་སྤེལ་བ། 13 བདག་ཅག་ཐམས་ཅད་དད་པ་གཅིག་ཏུ་མཐུན་པ་དང༌། དཀོན་མཆོག་གི་སྲས་ཀྱི་ངོ་བོ་རྟོགས་པ། ནར་སོན་པ། སྐྱབས་མགོན་མཱ་ཤི་ཀའི་ཕུན་སུམ་ཚོགས་པའི་རང་བཞིན་གྱི་ཚད་ལྟར་ཡང་དག་པར་འགྱུར་བའི་བར་དུ་སྟ་གོན་བྱེད་དགོས་པའི་ཕྱིར༌རོ།།
14 དེས་ན། ད་ནས་བཟུང༌བདག་ཅག་ནི་མིའི་གཡོ་སྒྱུ་དང་བསླུ་བྲིད་འོག་ཏུ་ཚུད༌པ་དང༌། ཆོས་ལོག་རླུང་གིས་སྐྱོད་དེ་ཕར་གཡོ་ཚུར་གཡོ་བྱེད་ཅིང་། ལྟ་ངན་སྣ་ཚོགས་ཀྱི་དབང་དུ་འགྲོ་བའི་བྱིས་པ་ལྟ་བུ་ཞིག་མ་ཡིན༌པར། 15 བྱམས་པ་བཅངས་ནས་བདེན་གཏམ་སྨྲ༌བ་དང་། རྣམ་པ་ཀུན་ནས་དབུ་འཛིན་པ་སྐྱབས་མགོན་མཱ་ཤི་ཀའི་ཕྱོགས་སུ་ཡར་སྐྱེད་ཅིང་ཁོང་དང་འབྲེལ་བར་བྱའོ།། 16 སྐུ་ལུས་ཡོངས་ཀྱིས་ཁོང་ལ་བརྟེན་ཅིང༌། ལུས་པོའི་རུས་ཚིགས་རེ་རེ་སྒྲིག་སྦྱོར་འོས་མཐུན་བྱེད་པ་དང༌། ཡན་ལག་སོ་སོའི་ནུས་མཐུ་བཞིན་ཕན་ཚུན་ལ་རོགས་རམ་བྱས་ནས། སྐུ་ལུས་ཀྱང་བྱམས་པའི་ནང་རིམ་བཞིན་ཇེ་བརྟན་དུ་གཏོང་བར་འགྱུར་རོ།།
གཤིས་ཀ་གསར་རྙིང་གི༌སྐོར།
17 དེའི༌ཕྱིར། ངས་གཙོ་བོ་ལ་བརྟེན་ནས་གཟབ་ནན་ངང་ཁྱོད་རྣམས་ལ་སྨྲ༌སྟེ། ཁྱོད་ཅག་གིས་དེང་ཕྱིན་ཕྱི་ཕྱོགས་པ་རྣམས་དང་འདྲ༌བར། སྙིང་པོ་མེད་པའི་བསམ་པ་བཞིན་སྤྱོད་པར་མི༌བྱའོ།། 18 མི་དེ་ལྟ་བུ་རྣམས་ཀྱི་བློ་གྲོས་ནི་མུན་པའི་ནང་དུ་ལྷུང་བ༌དང་། རང་བཞིན་རྨོངས་ཤིང་སེམས་རྒྱུད་གྱོང་པོ་ཡིན་པས་དཀོན་མཆོག་གིས་གནང་བའི་ཚེ་སྲོག་དང་ཁ་བྲལ༌ཅིང༌། 19 ཚོར་བ་ཉམས་པས་འདོད་ཆགས་བག་ཡངས་སུ་བཏང་ནས། མི་གཙང་བའི་ལས་སྣ་ཚོགས་ལ་བག་མེད་དུ་ཞུགས་པའོ།། 20 འོན་ཀྱང༌། ཁྱོད་ཅག་གིས་སྐྱབས་མགོན་མཱ་ཤི་ཀའི་སྐོར་བསླབས་པ་ནི་དེ་འདྲ་མ་ཡིན་ནོ།། 21 བདེན་པ་ཉིད་ནི་སྐྱབས་མགོན་ཡེ་ཤུའི་ནང་དུ་གནས་པ་བཞིན། ཁྱོད་རྣམས་ཀྱིས་ཁོང་གི་བཀའ་ལ་མཉན་ཞིང་ཁོང་གི་ཆོས་བསླབས་པ་ཡིན་ན། 22 སྔོན་ཆད་ཀྱི་སྤྱོད་ལམ་ཐད་ཀྱི་གཤིས་ཀ་རྙིང་པ་འདོར་བར་གྱིས། གཤིས་ཀ་རྙིང་པ་དེ་ནི་ཆགས་ཞེན་གྱི་བསླུ་བྲིད་དབང་གིས་རྨོངས་ཤིང་རུལ་བར་གྱུར་པ་ཞིག་ཡིན། 23 ཁྱོད་རྣམས་ཀྱི་སེམས་ནི་གསར་པ་ཞིག་ཏུ་འགྱུར་དགོས༌ཤིང༌། 24 ཁྱོད་ཅག་གིས་ཀྱང་གཤིས་ཀ་གསར་པ་དེ་གྱོན༌པར་བྱའོ།། གཤིས་ཀ་གསར་པ་དེ་ནི་དཀོན་མཆོག་གི་སྣང་བརྙན་བཞིན། བདེན་པ་ཉིད་ཀྱི་དྲང་བདེན་དང་དམ་པའི་ངང་ནས་བཀོད༌པ་ལགས་སོ།།
25 དེའི༌ཕྱིར། བདག་ཅག་ནི་ཕན་ཚུན་གྱི་ཡན་ལག་ཡིན༌པས། ཁྱོད་ཅག་གིས་རྫུན་གཏམ་སྤངས་ནས་མི་རེ་རེས་རང་གི་ཁྱིམ་མཚེས་ལ་བདེན་གཏམ་སྨྲ་བར་གྱིས། 26 སེམས་ནས་ཁྲོས་ཀྱང་སྡིག་པ་མི་བྱ་ཞིང་། ཁོང་ཁྲོ་ལངས་ནའང་ཉི་མ་ནུབ་པའི་བར་དུ་ཞི་བར་བྱའོ།། 27 བདུད་ལ་གླགས་སྟེར་མི་རུང་ངོ་།། 28 སྔོན་ཆད་རྐུ་བྱས་མྱོང་བ་རྣམས་ཀྱིས་ཕྱིན་ཆད་རྐུ་བར་མི་བྱའོ།། འོན་ཀྱང༌རང་ཉིད་ཀྱི་ལག་པའི་རྩོལ་བ་ལ་བརྟེན༌ནས། དབུལ་པོ་རྣམས་ལ་སྦྱིན་པ་གཏོང་རྒྱུའང་ཡོད་པའི་ཕྱིར་ལས་བཟང་པོ་བྱེད་དགོས་སོ།། 29 ཉན་མཁན་རྣམས་ལ་ཕན་ཐོགས་པའི༌ཕྱིར། ངག་ནས་ཚིག་ངན་གཅིག་ཀྱང་མི་སྨྲ༌བར། དུས་དང་འཚམ་པར་མི་གཞན་དག་སྐྱེད་སྲིང་བྱེད་པའི་ཚིག་སྙན་སྨྲ་བར་བྱའོ།། 30 དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱི་སེམས་སྐྱོ་བར་མི་བྱའོ།། དམ་པའི་ཐུགས་ཉིད་ནི་ཐར་པའི་ཉིན་མོ་སླེབས་པའི་བར་དུ་ཐར་པ་ཐོབ་པའི་རྟགས་སུ་ཁྱོད་ཅག་ལ་གནང་ཡོད། 31 འཁོན་སེམས༌དང༌། ཁོང༌ཁྲོ། ཞེ༌སྡང༌། རྩོད་པའི་འུར༌སྒྲ། འཕྱ༌སྨོད། གདུག་རྩུབ་ཐམས་ཅད་བཅས་ཁྱོད་ཅག་གི་ཁྲོད་ནས་རིང་དུ་འདོར་བར་གྱིས། 32 ཁྱོད་ཅག་གིས་ཕན་ཚུན་ལ་གཅེས་པར༌བྱའོ།། ཡང་དཀོན་མཆོག་གིས་སྐྱབས་མགོན་མཱ་ཤི་ཀ་བརྒྱུད་ནས་ཁྱོད་ཅག་གི་སྡིག་པ་བསལ་བ༌བཞིན། ཁྱོད་རྣམས་ཀྱིས་ཀྱང་སེམས་སུ་སྙིང་རྗེ་བཅངས་ནས་ཕན་ཚུན་ལ་གུ་ཡངས་གཏོང་དགོས་སོ།།