ལེའུ་བཞི་པ།
མཆོད་ཁང་བཟོ་སྐྲུན་བྱེད་པར་བཀག་འགོག་ཐེབས་པ།
1 ཡ་ཧུ་དཱ་དང་པེན་ཡཱ་མེན་གྱི་དགྲ་བོས་བཙོན་ལས་ཐར་ཏེ་ཕྱིར་ལོག་པའི་མི་རྣམས་ཀྱིས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་ཆེད་དུ་མཆོད་ཁང་ཡང་བསྐྱར་བཞེང་བ་ཐོས་ནས།
2 དེ་དག་ཟེ་རུ་པཱ་པེལ་དང་ཚོ་དཔོན་རྣམས་ཀྱི་མདུན་དུ་འོངས་ནས་དེ་རྣམས་ལ། ངེད་རྣམས་ལ་ཡང་ཁྱོད་ཚོ་དང་མཉམ་དུ་བཞེང་བར་འཇུག་རོགས། གང་ལ་ཞེ་ན། ངེད་རྣམས་ཀྱིས་ཀྱང་ཁྱོད་ཚོའི་དཀོན་མཆོག་འཚོལ་བཞིན་ཡོད་དེ། ཨ་སུར་གྱི་རྒྱལ་པོ་ཨེ་སར་ཧད་ཏོན་གྱིས་ངེད་རྣམས་བཟུང་སྟེ་གནས་འདིར་ཁྲིད་འོངས་པའི་དུས་ནས་བཟུང་ཁོང་ལ་རྒྱུན་དུ་མཆོད་པ་ཕུལ་བ་ཡིན་ཞེས་ཞུས།
3 འོན་ཀྱང་ཟེ་རུ་པཱ་པེལ་དང་ཡེ་ཤུ་ཨ། ཡེས་ར་ཨེལ་གྱི་ཚོ་དཔོན་རྣམས་ཀྱིས་དེ་དག་ལ། ངེད་རྣམས་ཀྱིས་དཀོན་མཆོག་གི་ཕྱིར་མཆོད་ཁང་བཞེང་བ་དེ་ཁྱོད་ཚོ་དང་འབྲེལ་བ་མེད་དེ། རྒྱུ་མཚན་ནི་ཏ་ཟིག་གི་རྒྱལ་པོ་ཀོ་རེས་ཀྱིས་བཀའ་བསྒོས་པ་བཞིན་དུ་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནི་ང་ཚོ་རང་གིས་བཞེང་ཆོག་ཅེས་སྨྲས་སོ། །
4 དེ་ནས་གནས་དེའི་ཡུལ་མི་རྣམས་ཀྱིས་ཡ་ཧུ་དཱ་པ་རྣམས་ལ་འཇིགས་བསྐུལ་ནས་མཆོད་ཁང་བཞེང་དུ་མ་བཅུག
5 ཏ་ཟིག་གི་རྒྱལ་པོ་ཀོ་རེས་ཀྱི་དུས་ནས་ཏ་ཟིག་གི་རྒྱལ་པོ་དར་ཡཱའི་བར་དུ་དེ་དག་གིས་བློ་འདོན་མཁན་ནོར་གྱིས་བསླུས་ཏེ། ཡ་ཧུ་དཱ་པ་རྣམས་ཀྱི་འཆར་གཞི་ལ་གཏོར་བརླག་བྱེད་པའི་ཆེད་དུ་ཁོ་ཚོར་རྒོལ་བ་རེད།
ཡེ་རུ་སཱ་ལེམ་ཡང་བསྐྱར་བཞེང་བར་བཀག་འགོག་ཐེབས་པ།
6 ཡང་ཨ་ཧཱ་ཤུ་ཝེ་རོ་ཤུ་བྱ་བས་རྒྱལ་སྲིད་ཐོག་མར་སྐྱོང་དུས། དེ་དག་གིས་གཏུག་ཡིག་བྲིས་ཏེ་ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་གྱི་ཡུལ་མི་རྣམས་གཏུགས་པ་དང་།
7 དེ་ནས་ཨར་ཐག་ཤཱ་ཐིའི་དུས་སྐབས་སུ། པིས་ལམ་དང་མིད་རེ་དཱད་དང་། ཏ་བེ་ཨེལ་དང་། གྲོས་མི་གཞན་རྣམས་དང་མཉམ་དུ་ཏ་ཟིག་གི་རྒྱལ་པོ་ཨར་ཐག་ཤཱ་ཐི་ལ་སྙན་ཞུ་ཕུལ་བ་སྟེ། སྙན་ཞུ་དེ་ནི་ཨ་རམ་གྱི་ཡི་གེ་ནས་བྲིས་ཤིང་སྐད་གཞན་དུ་བསྒྱུར།
8 འགོ་དཔོན་རེ་ཧུམ་དང་དྲུང་ཡིག་ཤིམ་ཤ་ཨི་གཉིས་ཀྱིས་ཀྱང་རྒྱལ་པོ་ཨར་ཐག་ཤཱ་ཐི་ལ་སྙན་ཞུ་ཕུལ་ཏེ། ཡེ་རུ་སཱ་ལེམ་གྱི་འབངས་མི་རྣམས་གཏུག་བཤེར་བྱས་པ་འདི་ལྟར།
9 འགོ་དཔོན་རེ་ཧུམ་དང་དྲུང་ཡིག་ཤིམ་ཤ་ཨི་དང་གྲོས་མི་གཞན་རྣམས་ཏེ། ཁྲིམས་དཔོན་དང་། འགོ་དཔོན། དམག་དཔོན། ཏ་ཟིག་གི་འགོ་དཔོན། ཨེ་རེག་པ། པཱ་བེལ་པ། ཨེ་ལཱམ་ཡུལ་གྱི་མི་སྟེ་སོའུ་སཱན་པ།
10 ད་དུང་མི་ཆེན་ཨོས་ན་ཕཱར་གྱིས་བཙན་ཁྲིད་བྱས་ནས་སཱ་མར་ཡ་གྲོང་ཁྱེར་དང་གཙང་པོའི་ནུབ་ཕྱོགས་ལ་གནས་སུ་བཅུག་པའི་མི་མང་བཅས་ཀྱི་སྙན་ཞུ་འདི་ཡིན་ལགས།
11 ཁོ་ཚོས་རྒྱལ་པོ་ཨར་ཐག་ཤཱ་ཐི་ལ་ཕུལ་བའི་སྙན་ཞུ་བཤུས་མ་ནི་འདི་ལྟ་སྟེ། གཙང་པོའི་ནུབ་རྒྱུད་དུ་སྡོད་པ་རྣམས་ཀྱིས་རྒྱལ་པོ་ཨར་ཐག་ཤཱ་ཐི་ལ་སྙན་ཞུ་འབུལ་དོན་ནི།
12 རྒྱལ་པོ་ཆེན་པོར་ཞུ་དོན། རྒྱལ་པོའི་མདུན་ནས་ང་ཚོའི་འདིར་ཡར་འོངས་པའི་ཡ་ཧུ་དཱ་པ་རྣམས་ནི། ངོ་ལོག་ཐ་ཤལ་ཡིན་པའི་གྲོང་ཁྱེར་ཡེ་རུ་སཱ་ལེམ་དུ་སླེབས་ནས་དེ་བཞེང་བཞིན་འདུག་སྟེ། རྨང་གཞི་བཏིངས་ནས་མཁར་གྱང་བསྐྱར་གསོ་བྱེད་བཞིན་ནོ། །
13 ད་ལྟ་རྒྱལ་པོ་ཆེན་པོས་མཁྱེན་རོགས་ཞུ། གྲོང་ཁྱེར་འདི་བཞེངས་ནས་མཁར་གྱང་བརྩིགས་ཚར་དུས། དེ་དག་གིས་དཔྱ་ཁྲལ་དང་འབུལ་མཚན། འབྲུ་ཁྲལ་བཅས་མི་འཇལ་བར། རྒྱལ་པོའི་མཛོད་ཁང་གི་ཡོང་འབབ་ལ་གནོད་པ་འབྱུང་ངེས་ཏེ།
14 ད་ལྟ་བདག་ཅག་གིས་ཟ་བའི་ཚྭ་ཡང་རྒྱལ་པོའི་ཕོ་བྲང་གི་ཡིན་པས། རྒྱལ་པོ་ལ་སྨོད་པ་འབྱུང་བར་མི་འདོད། དེའི་ཕྱིར་རྒྱལ་པོ་ལ་སྙན་ཞུ་ཕུལ་བ་སྟེ།
15 ཁྱེད་ཀྱི་ཡབ་མེས་རྣམས་ཀྱི་ལོ་རྒྱུས་དེབ་ཐེར་ནང་དུ་རྩད་གཅོད་རོགས། ལོ་རྒྱུས་དེབ་ཐེར་ལས་གྲོང་ཁྱེར་འདི་ནི་གྲོང་ཁྱེར་ངོ་ལོག་ཅན་དང་། རྒྱལ་པོ་དང་ལྗོངས་རྣམས་ལ་གནོད་པ་ཆེ་བ་དང་། ཐོག་མ་ནས་གཞན་ལ་ངོ་ལོག་བྱེད་དུ་འཇུག་མཁན་ཡིན་པ་མཁྱེན་པར་འགྱུར་བས། གྲོང་ཁྱེར་འདི་སྔོན་ཆད་མེད་པར་བྱས་སོ། །
16 གལ་ཏེ་གྲོང་ཁྱེར་འདི་ཡང་བསྐྱར་བཞེངས་ནས་མཁར་གྱང་བརྩིགས་ཚར་ན། གཙང་པོའི་ཕ་རོལ་གྱི་ཡུལ་རྣམས་སུ་རྒྱལ་པོ་ལ་དབང་ཅི་ཡང་མེད་དོ་ཞེས་པའོ། །
17 དེར་རྒྱལ་པོས་འགོ་དཔོན་རེ་ཧུམ་དང་དྲུང་ཡིག་ཤིམ་ཤ་ཨི་གཉིས་དང་། དེ་དག་གི་གྲོས་མི་གཞན་རྣམས་ཏེ་སཱ་མར་ཡ་དང་གཙང་པོའི་ནུབ་རྒྱུད་དུ་གནས་པ་རྣམས་ལ་གོང་མའི་བཀའ་བབས་ནས་འདི་ལྟར། ཁྱོད་ཅག་བདེའམ།
18 ཁྱོད་ཚོས་ང་ལ་བསྐུར་བའི་སྙན་ཞུ་དེ་ངའི་མདུན་ནས་ཞིབ་ཏུ་བཀླགས་པ་དང་།
19 ངས་བཀའ་གནང་ནས་རྩད་བཅད་པ་ཡིན། དེ་ནི་གྲོང་ཁྱེར་དེས་གནའ་ནས་རྒྱལ་པོ་ལ་ངོ་ལོག་བྱས་ཤིང་། དེའི་ནང་རྒྱུན་དུ་ངོ་ལོག་དང་ཟིང་འཁྲུག་བྱུང་འདུག
20 སྔར་ཡེ་རུ་སཱ་ལེམ་དུ་རྒྱལ་པོ་ཤིན་ཏུ་དབང་ཅན་རྣམས་བྱུང་སྟེ། གཙང་པོའི་ནུབ་རྒྱུད་ཀྱི་ཡུལ་ཐམས་ཅད་དུ་སྲིད་བྱས་ཤིང་། མི་ཐམས་ཅད་ཀྱིས་དེ་དག་ལ་དཔྱ་ཁྲལ་དང་འབུལ་མཚན། འབྲུ་ཁྲལ་བཅས་བཅལ་ཏོ། །
21 ད་ཁྱོད་ཅག་གིས་མི་དེ་རྣམས་ཀྱི་ལས་མཚམས་འཇོག་པར་གྱིས་ཤིག བདག་གིས་བཀའ་མ་གནང་བར་དུ། གྲོང་ཁྱེར་དེ་ཡང་བསྐྱར་བཞེངས་མི་ཆོག
22 ཁྱོད་ཚོས་བྱ་བ་འདི་གཟབ་ནན་གྱིས་སྒྲུབས་ཤིག སྣང་མེད་དུ་བསྐྱུར་མི་རུང་། དེ་མིན་ཚེ་རྒྱལ་པོ་རྣམས་ལ་གནོད་པ་འདི་ལྡབ་འགྱུར་གྱིས་འཕེལ་བར་འགྱུར་རོ་ཞེས་པའོ། །
23 རྒྱལ་པོ་ཨར་ཐག་ཤཱ་ཐིའི་གོང་མའི་བཀའ་ཡིག་བཤུས་མ་དེ་རེ་ཧུམ་དང་། དྲུང་ཡིག་ཤིམ་ཤ་ཨི་དང་། གྲོས་མི་རྣམས་ཀྱི་མདུན་དུ་བཀླགས་པ་དང་། དེ་རྣམས་མྱུར་དུ་ཡེ་རུ་སཱ་ལེམ་དུ་ཡ་ཧུ་དཱ་པའི་རྩར་ཕྱིན་ནས། དེ་དག་གི་ལས་མཚམས་བཙན་གྱིས་བཀག
24 དེའི་ཕྱིར་ཏ་ཟིག་གི་རྒྱལ་པོ་དར་ཡཱའི་སྲིད་ལོ་གཉིས་པའི་བར་དུ་ཡེ་རུ་སཱ་ལེམ་གྱི་དཀོན་མཆོག་གི་མཆོད་ཁང་བཞེང་མཚམས་བཞག་གོ །