ལེའུ་བདུན་པ།
ཧ་མཱན་འཕྱར་ཤིང་སྟེང་དུ་བརྡབས་པ།
རྒྱལ་པོས་ཧ་མཱན་ཁྲིད་ནས་རྒྱལ་མོ་ཨེས་སི་ཐེར་གྱི་གསོལ་སྟོན་ལ་ཕེབས་ཤིང་། ཉིན་གཉིས་པའི་སྐྱེམས་མགྲོན་གྱི་སྟེང་དུ་རྒྱལ་པོས་ཡང་བསྐྱར་རྒྱལ་མོ་ཨེས་སི་ཐེར་ལ། ལྕམ་ཨེས་སི་ཐེར་ལགས། ཁྱོད་ལ་ཅི་དགོས་ན་གནང་བར་བྱ། ཁྱོད་ཀྱིས་གང་ཞིག་ཞུས་ཀྱང་རྒྱལ་སྲིད་ཀྱི་ཕྱེད་ཀ་ཡིན་ཡང་ཁྱོད་ལ་གནང་བར་བྱའོ་ཞེས་གསུངས་པ་ལ། ཨེས་སི་ཐེར་གྱིས་ལན་དུ། རྒྱལ་པོ་ལགས། བདག་ལ་ཁྱེད་ཀྱིས་སྙིང་རྗེས་གཟིགས་ཤིང་ཁྱེད་རང་ཐུགས་དགྱེས་ན། བདག་གི་སྲོག་སྐྱོབ་པ་ནི་ངའི་རེ་བ་ཡིན། བདག་གི་མི་མང་གི་དོན་དུ་ངས་ཞུ་བ་འབུལ། མི་ཞིག་གིས་བདག་དང་བདག་གི་མི་རྣམས་ཚར་གཅོད་པ་དང་། འགུམ་པ་དང་། མེད་པར་བྱ་བའི་ཕྱིར་གཡོ་འཚོང་བྱས་ཚར་འདུག གལ་ཏེ་ངེད་རྣམས་གཞན་ལ་གཡོག་པོ་དང་གཡོག་མོར་བཙོངས་ན། བདག་ཀྱང་ཁ་རོག་འདུག་མོད། འོན་ཀྱང་བདག་ཅག་གི་སྡུག་བསྔལ་ནི་རྒྱལ་པོའི་གྱོང་གུད་དང་བསྡུར་ན་ཅི་ཡང་མ་ཡིན་ཞེས་ཞུས་པར། རྒྱལ་པོ་ན་རེ། འདི་ལྟར་སྒྲུབ་ཕོད་པའི་སྙིང་སྟོབས་ཅན་དེ་ནི་སུ་ཡིན། གང་དུ་ཡོད་ཅེས་དྲིས་པ་ན། ཨེས་སི་ཐེར་གྱིས། བཙན་གནོན་གཏོང་མཁན་དང་དགྲ་ནག་མི་ངན་དེ་ནི་ཧ་མཱན་འདི་ཡིན་ཞུས་པས། ཧ་མཱན་ནི་རྒྱལ་པོ་དང་རྒྱལ་མོའི་དྲུང་དུ་རྦད་དེ་སྐྲག་པར་གྱུར་ཏོ། །
དེ་ནས་རྒྱལ་པོ་ཐུགས་ཤིན་ཏུ་ཁྲོས་ཤིང་། གསོལ་སྟོན་དང་ཁ་བྲལ་ནས་ཕོ་བྲང་གི་སྐྱེད་ཚལ་དུ་ཕྱིན། ཧ་མཱན་གྱིས་རྒྱལ་པོས་རང་ཉིད་ལ་ནག་ཉེས་འགེལ་རྒྱུའི་ཐུགས་ཐག་བཅད་པ་ཤེས་པ་དང་། དེར་བསྡད་ནས་རང་སྲོག་སྐྱོབ་ཕྱིར་རྒྱལ་མོ་ཨེས་སི་ཐེར་ལ་ཞུ་བ་ཕུལ་ཏོ། ། དེ་ནས་རྒྱལ་པོ་ཕོ་བྲང་གི་སྐྱེད་ཚལ་ནས་གསོལ་སྟོན་གྱི་གནས་སུ་ཕྱིར་ཕེབས་པ་དང་། ཨེས་སི་ཐེར་ཡོད་པའི་འབོལ་ཁྲིའི་ཁར་ཧ་མཱན་ཁ་སྦུབ་ཏུ་ལོག་ཡོད་པ་ལ། རྒྱལ་པོས་འདི་ལྟར། ཁོས་ཕོ་བྲང་ནང་ངའི་མདུན་དུ་རྒྱལ་མོར་བརྙས་བཅོས་བྱེད་ཕོད་དམ་ཞེས་གསུངས་མ་ཐག་ཏུ། མི་འགའ་ཞིག་གིས་ཧ་མཱན་གྱི་གདོང་བཀབ་བོ། ། * དེ་ནས་ཉུག་རུམ་པའི་ཁྲོད་ཀྱི་རྒྱལ་པོར་ཞབས་ཕྱི་སྒྲུབ་མཁན་ཧར་པོ་ནཱ་ཟེར་བ་ན་རེ། གཟིགས་དང་། རྒྱལ་པོར་སྙན་ཞུ་ཕུལ་ཞིང་རྒྱལ་པོའི་སྲོག་སྐྱོབ་མཁན་མོར་དོ་ཀཱ་ཨིའི་ཕྱིར་དུ། མཐོ་ཚད་ཁྲུ་ལྔ་བཅུ་ཅན་གྱི་འཕྱར་ཤིང་ཞིག་ཧ་མཱན་གྱིས་རང་ཁྱིམ་དུ་བསླངས་འདུག་ཅེས་ཞུས་པ་ལ། རྒྱལ་པོས། ཧ་མཱན་དེའི་སྟེང་དུ་དཔྱང་བར་གྱིས་ཤིག་ཅེས་བཀའ་བསྒོས་པ་དང་། 10 དེ་ནས་མི་འགའ་ཞིག་གིས་མོར་དོ་ཀཱ་ཨིའི་ཆེད་དུ་གྲ་སྒྲིག་བྱས་པའི་འཕྱར་ཤིང་སྟེང་དུ་ཧ་མཱན་དཔྱངས་པ་ན། རྒྱལ་པོའི་ཐུགས་ཁྲོ་ད་གཟོད་ཞི་བར་གྱུར་ཏོ། །
* ལེའུ་བདུན་པ།:8 འདིར་གདོང་བཀབ་བོ་ཞེས་པ་ནི་སྐབས་དེར་མི་ཞིག་ལ་སྲོག་ཆད་གཅོད་པའི་སྐབས་སུ་གདོང་བཀབ་ནས་འཁྲིད་པ་དེར་གོ་བ་ཡིན།