ལེའུ་བཅུ་གཉིས་པ།
པེ་སག་གི་དུས་ཆེན།
ཡང་དཀོན་མཆོག་ཡ་ཝཱེས་ཨེ་ཅིབ་ཡུལ་དུ་མོ་ཤེ་དང་ཨ་རོན་གཉིས་ལ་འདི་སྐད་དུ། ཟླ་འདི་ནི་ཁྱོད་ཅག་གི་ཟླ་དང་པོ་ཡིན་པ་དང་། ལོ་གཅིག་གི་ཐོག་མར་བརྩི་དགོས། ཁྱོད་གཉིས་ཀྱིས་ཡེས་ར་ཨེལ་གྱི་ཚོགས་ཐམས་ཅད་ལ་འདི་ལྟར། ཟླ་འདིའི་ཚེས་བཅུ་པ་ལ་རང་རང་གི་ཕ་ཡི་ཁྱིམ་རྒྱུད་བཞིན་དུ་ཁྱིམ་ཚང་རེ་རེས་ལུ་གུ་ *རེ་ལེན་དགོས་ཤིང་། གལ་ཏེ་ལུ་གུ་བཟའ་བ་ལ་ཁྱིམ་མི་ཉུང་ངུ་ཡིན་ན། ཁྱིམ་བདག་གིས་ཉེ་བའི་ཁྱིམ་མཚེས་དང་མཉམ་དུ་ལུ་གུ་གཅིག་ལེན་དགོས་ལ། ཁྱིམ་མི་རེ་རེའི་ཟ་ཚད་བཞིན་དུ་སྔོན་རྩིས་རྒྱག་དགོས། ཁྱོད་ཅག་གི་ལུ་གུ་ནི་ལོ་གཅིག་ཅན་གྱི་ཕོ་ཕྱུགས་སྐྱོན་མེད་པ་ཞིག་ཡིན་དགོས་པ་དང་ལུག་གམ་ར་ཡི་ཁྲོད་གང་ནས་བླངས་ཀྱང་ཆོག ཁྱོད་ཅག་གིས་ཟླ་འདིའི་ཚེས་བཅུ་བཞི་པའི་བར་དུ་བཞག་ནས། ཡེས་ར་ཨེལ་གྱི་ཚོགས་ཐམས་ཅད་ཀྱིས་ས་སྲོས་ཀྱི་དུས་སུ་ལུ་གུ་བཤའ་དགོས། ཡང་ཁྱིམ་ཚང་རེ་རེས་དེའི་ཁྲག་ཉུང་ཙམ་བླངས་ཏེ་ལུ་གུ་བཟའ་སའི་ཁང་པ་དག་གི་སྒོ་འགྲམ་གཉིས་ཀ་དང་ཡ་ཐེམ་ལ་བསྐུ་དགོས། མཚན་མོ་དེར་ལུ་གུའི་ཤ་བཟའ་དགོས་ཏེ། མེ་ལ་བསྲེགས་ནས་སྐྱུར་མེད་བག་ལེབ་དང་སྔོ་ཚོད་ཁ་པོ་དང་ལྷན་དུ་བཟའ་དགོས། རློན་པའམ་ཆུ་ལ་བཙོས་པ་ནི་བཟའ་མི་རུང་སྟེ་མགོ་སུག་གཉིས་ཀ་དང་དེའི་ནང་ཁྲོལ་དང་བཅས་པ་མེ་ལ་བསྲེགས་ནས་བཟའ་དགོས། 10 ཕྱི་ཉིན་ཞོགས་པའི་བར་དུ་ཅི་ཡང་ལུས་སུ་འཇུག་མི་རུང་ལ། གལ་ཏེ་ཞོགས་པའི་བར་དུ་ལུས་ན་དེ་མེར་བསྲེག་དགོས། 11 ཡང་ཟ་སྲོལ་ནི་འདི་ལྟ་སྟེ། ཁྱོད་རྣམས་ཀྱིས་ཐུ་བ་བརྫེས་པ་དང་རྐང་པར་ལྷམ་གྱོན་ཞིང་། འཁར་བ་ལག་ཏུ་བཟུང་ནས་བྲེལ་མྱུར་ངང་བཟའ་དགོས་ལ། དེ་ནི་ཡ་ཝཱེའི་པེ་སག་གི་དུས་ཆེན་ཡིན་ནོ། ། 12 མཚན་མོ་དེར་ང་རང་ཨེ་ཅིབ་ཡུལ་དུ་རྒྱུ་ཞིང་། མི་ཕྱུགས་གང་ཡིན་ཡང་ཨེ་ཅིབ་ཡུལ་གྱི་སྐྱེས་འགོ་ཐམས་ཅད་གསོད་པ་དང་། ཨེ་ཅིབ་ཡུལ་གྱི་ལྷ་ཀུན་ལ་ཁྲིམས་ཐག་གཅོད་པར་བྱ། བདག་ནི་ཡ་ཝཱེ་ཡིན། 13 ཁྲག་དེ་ཁྱོད་རྣམས་གནས་སའི་ཁང་པའི་སྟེང་རྟགས་སུ་འགྱུར་ལ། ངས་ཁྲག་དེ་མཐོང་བ་དང་ཕར་བརྒལ་ཞིང་། ཨེ་ཅིབ་ཡུལ་ལ་བརྡུང་བའི་ཚེ། མེད་པར་བཟོ་བའི་ཆག་སྒོ་དེ་ཁྱོད་རྣམས་ལ་འཕོག་པར་མི་འགྱུར་རོ། །
14 ཡང་ཉིན་དེ་ནི་ཁྱོད་ཅག་གི་ཕྱིར་རྗེས་དྲན་དུ་འགྱུར་ཞིང་། དཀོན་མཆོག་ཡ་ཝཱེ་ལ་དུས་ཆེན་ཞིག་རོལ་དགོས་པ་དང་། ཁྱོད་རྣམས་ཀྱིས་མི་རབས་ནས་མི་རབས་བར་ཁྲིམས་སྲོལ་དེ་གཏན་དུ་བསྲུང་དགོས། 15 ཉིན་བདུན་གྱི་རིང་ལ་སྐྱུར་མེད་བག་ལེབ་བཟའ་དགོས་ཤིང་། ཉིན་དང་པོར་ཁྱོད་ཅག་གིས་རང་གི་ཁྱིམ་ནས་སྐྱུར་རྩི་ཕྱི་རུ་དོར་ཅིག ཅི་ལ་ཞེ་ན། ཉིན་དང་པོ་ནས་ཉིན་བདུན་པའི་བར་དུ་མི་སུ་ཞིག་གིས་སྐྱུར་རྩི་དང་ལྡན་པ་ཞིག་ཟོས་ན། མི་དེ་ཡེས་ར་ཨེལ་གྱི་ཁྲོད་ནས་འཕུད་དགོས་པའི་ཕྱིར་ཡིན། 16 ཉིན་དང་པོར་ཁྱོད་རྣམས་ལ་འདུ་འཛོམས་དམ་པ་ཡོད་དགོས་ལ། ཉིན་བདུན་པར་ཡང་འདུ་འཛོམས་དམ་པ་ཡོད་དགོས། ཉིན་དེ་གཉིས་ལ་མི་རེ་རེར་མཁོ་བའི་ཁ་ཟས་འབའ་ཞིག་སྟ་གོན་བྱེད་པ་ལས་གཞན། ལས་གང་ཡང་བྱེད་མི་རུང་། 17 ཉིན་དེ་ཉིད་ལ་ངས་ཁྱོད་རྣམས་ཀྱི་དཔུང་སྡེ་ཨེ་ཅིབ་ཡུལ་ནས་ཕྱིར་ཁྲིད་པའི་རྐྱེན་གྱིས། ཁྱོད་རྣམས་ཀྱིས་སྐྱུར་མེད་བག་ལེབ་ཀྱི་དུས་ཆེན་བསྲུང་དགོས་ལ། ཉིན་མོ་དེ་བསྲུང་བ་དང་མི་རབས་ནས་མི་རབས་བར་ཁྲིམས་སྲོལ་དེ་གཏན་དུ་བརྩི་དགོས། 18 ཟླ་དང་པོའི་ཚེས་བཅུ་བཞི་ཉིན་གྱི་དགོང་མོ་ནས་ཟླ་དེའི་ཚེས་ཉེར་གཅིག་ཉིན་གྱི་དགོང་མོའི་བར་དུ་སྐྱུར་མེད་བག་ལེབ་བཟའ་དགོས། 19 ཁྱོད་ཅག་གི་ཁྱིམ་རེ་རེར་ཉིན་བདུན་གྱི་རིང་ལ་སྐྱུར་རྩི་ཡོད་མི་རུང་སྟེ། བྱེས་པའམ་ཡུལ་མི་སུ་ཡིན་ཡང་སྐྱུར་རྩི་ཅན་གང་ཞིག་ཟ་མཁན་དེ་ཡེས་ར་ཨེལ་གྱི་ཚོགས་ནས་འཕུད་དགོས་པའི་ཕྱིར་ཡིན། 20 ཁྱོད་རྣམས་ཀྱིས་སྐྱུར་རྩི་ཅན་གང་ཡིན་ཡང་བཟའ་མི་རུང་ལ། ཁྱོད་ཅག་གང་དུ་གནས་ནའང་སྐྱུར་མེད་བག་ལེབ་བཟའ་དགོས་ཞེས་སྨྲོས་ཤིག་གསུངས་སོ། །
21 དེ་ནས་མོ་ཤེ་ཡིས་ཡེས་ར་ཨེལ་གྱི་རྒན་པོ་རྣམས་བོས་ནས་དེ་དག་ལ། ཁྱོད་རྣམས་ཀྱིས་ཁྱིམ་མི་བཞིན་དུ་ལུ་གུ་བླངས་ནས་པེ་སག་གི་ལུ་གུ་ཤོས་ཞིག 22 ཡང་ཨི་སོབ་རྩྭ་ཤིང་ཕོན་པོ་ཞིག་གཞོང་པ་རུ་ཡོད་པའི་ཁྲག་གི་ནང་དུ་སྦངས་ནས། ཁྲག་དེ་སྒོའི་ཡ་ཐེམ་དང་སྒོ་འགྲམ་གཉིས་ལ་བསྐུ་དགོས་ཤིང་། ཞོགས་པའི་བར་དུ་ཁྱོད་རྣམས་ལས་སུ་ཡང་རང་གི་ཁྱིམ་ནས་སྒོ་རུ་འབུད་མི་རུང་། 23 ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེ་ཕྱོགས་ཀུན་ལ་རྒྱུ་ཞིང་ཨེ་ཅིབ་པ་རྣམས་དགུམ་པ་དང་། སྒོའི་ཡ་ཐེམ་དང་སྒོ་འགྲམ་གཉིས་ལ་བསྐུས་པའི་ཁྲག་གཟིགས་པ་ན། ཁོང་ཉིད་སྒོ་དེ་ལས་ཕར་བརྒལ་ཞིང་སྲོག་གཅོད་མཁན་དེ་ཁྱོད་ཅག་གི་ཁང་པའི་ནང་ལ་ཁྱོད་རྣམས་དགུམ་དུ་ཡོང་བར་མི་མཛད་པའི་ཕྱིར་རོ། ། 24 ཁྱོད་ཅག་གིས་བཀའ་འདི་བསྲུངས་ཏེ། མི་རབས་ནས་མི་རབས་བར་ཁྲིམས་སྲོལ་དེ་གཏན་དུ་བསྲུང་དགོས། 25 ཡང་ཕྱིས་སུ་ཁྱོད་རྣམས་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་གནང་བར་ཞལ་གྱིས་བཞེས་པའི་ཡུལ་དུ་སླེབས་དུས། ཁྱོད་ཅག་གིས་ཆོ་ག་དེ་བསྲུང་དགོས། 26 ཁྱོད་ཅག་གི་བུ་ཕྲུག་རྣམས་ཀྱིས་ཆོ་ག་འདིའི་དོན་ཅི་ཡིན་ཞེས་འདྲི་བའི་ཚེ། 27 ཁྱོད་ཅག་གིས་དེ་རྣམས་ལ། འདི་ནི་དཀོན་མཆོག་ཡ་ཝཱེ་ལ་འབུལ་བའི་པེ་སག་གི་མཆོད་པ་དེ་ཡིན། ཁོང་གིས་ཨེ་ཅིབ་པ་རྣམས་ལ་བརྡུངས་པའི་ཚེ། ཨེ་ཅིབ་ཡུལ་དུ་ཡོད་པའི་ཡེས་ར་ཨེལ་པ་རྣམས་ཀྱི་ཁང་པ་རྣམས་ལས་ཕར་བརྒལ་ཏེ་རང་ཅག་གི་ཁྱིམ་ཚང་རེ་རེ་ཐར་བར་མཛད་པ་ཡིན་སྨྲོས་ཤིག་ཅེས་སྨྲས། དེ་ནས་མི་རྣམས་ཀྱིས་མགོ་བོ་བཏུད་ནས་ཕྱག་བཙལ་ཞིང་། 28 དཀོན་མཆོག་ཡ་ཝཱེས་མོ་ཤེ་དང་ཨ་རོན་གཉིས་ལ་བཀའ་ཇི་ལྟར་གནང་བ་ཡིན་ན། ཡེས་ར་ཨེལ་པ་རྣམས་ཀྱིས་དེ་བཞིན་དུ་བྱས་སོ། །
29 ཡང་ནམ་ཕྱེད་ལ་དཀོན་མཆོག་ཡ་ཝཱེས་ཨེ་ཅིབ་ཡུལ་དུ་རྒྱལ་ཁྲི་ལ་སྡོད་པའི་ཕཱར་ཨོལ་གྱི་སྐྱེས་འགོ་ནས་བཙོན་དུ་བཅུག་ཡོད་པའི་བཙོན་པའི་སྐྱེས་འགོའི་བར་དང་། ཕྱུགས་ཕྲུག་འགོ་མ་རྣམས་བཅས་སྐྱེས་འགོ་ཐམས་ཅད་བཀུམས། 30 མཚན་མོ་དེ་ལ་ཕཱར་ཨོལ་དང་དེའི་འཁོར་གཡོག་རྣམས་དང་། ཨེ་ཅིབ་པ་ཐམས་ཅད་ལངས་ནས་ཨེ་ཅིབ་ཡུལ་དུ་ངུ་སྐད་ཆེན་པོ་ཞིག་བྱུང་བ་སྟེ། འཆི་བ་མེད་པའི་ཁྱིམ་ཚང་གཅིག་ཀྱང་མ་ལུས་པའི་ཕྱིར་རོ། །
ཨེ་ཅིབ་ཡུལ་ནས་ཕྱིར་ཐོན་པ།
31 དེ་ནས་མཚན་མོའི་དུས་སུ་ཕཱར་ཨོལ་གྱིས་མོ་ཤེ་དང་ཨ་རོན་གཉིས་བོས་ཏེ་ན་རེ། ཁྱོད་གཉིས་དང་ཡེས་ར་ཨེལ་པ་རྣམས་ངའི་འབངས་མིའི་ཁྲོད་ནས་ཆས་ཏེ་སོང་ཞིག ཁྱོད་གཉིས་ཀྱིས་སྨྲས་པ་བཞིན་དུ་དཀོན་མཆོག་ཡ་ཝཱེ་ལ་བསྙེན་བཀུར་བྱེད་དུ་སོང་ཞིག 32 ཡང་ཁྱོད་ཀྱིས་སྨྲས་པ་བཞིན་དུ་ར་ལུག་གི་ཁྱུ་དང་བ་ཁྱུ་དེད་ནས་སོང་ལ། ང་རང་ལ་ཡང་བྱིན་གྱིས་རློབས་ཤིག་ཅེས་སྨྲས་སོ། །
33 ཨེ་ཅིབ་པ་རྣམས་ཀྱིས་ངེད་ཐམས་ཅད་འཆི་བར་འགྱུར་ཞེས་སྨྲས་པས། ཡེས་ར་ཨེལ་པ་རྣམས་ལ་ནན་གྱིས་བསྐུལ་ཏེ་ཁོ་རྣམས་ཡུལ་དེ་ནས་མྱུར་དུ་ཕྱིར་བཏོན། 34 དེ་ནས་ཁོ་རྣམས་ཀྱིས་ད་དུང་སྐྱུར་རྩི་མ་བཏབ་པའི་བག་ཟན་དང་ཟན་གཞོང་བཅས་གྱོན་གོས་ཀྱིས་བཏུམས་ཏེ་ཕྲག་ལ་ཁུར་ནས་ཁྱེར། 35 ཡེས་ར་ཨེལ་པ་རྣམས་ཀྱིས་མོ་ཤེ་ཡིས་སྨྲས་པ་བཞིན་དུ་བསྒྲུབས་པ་སྟེ། ཨེ་ཅིབ་པ་རྣམས་ལས་གསེར་དངུལ་གྱི་ཡོ་བྱད་དང་གྱོན་གོས་བསླངས་པ་དང་། 36 དཀོན་མཆོག་ཡ་ཝཱེས་ཨེ་ཅིབ་པ་དག་གི་མིག་མདུན་དུ་མི་རྣམས་ལ་ཐུགས་རྗེ་ཐོབ་པར་མཛད་པས། དེ་དག་གིས་ཅི་བསླངས་པ་བཞིན་དུ་ཐོབ་ཅིང་། ཨེ་ཅིབ་པའི་རྒྱུ་ནོར་དག་བཅོམ་ནས་ཁྱེར་ཏོ། །
37 དེ་ནས་ཡེས་ར་ཨེལ་པ་རྣམས་རཱ་ཨམ་སེའེ་ནས་ཆས་ཏེ་སོའུ་ཀོད་ཡུལ་དུ་ཕྱིན་པ་དང་། བུད་མེད་དང་ཕྲུ་གུ་རྣམས་མ་ཐེ་བར། རྐང་པ་བརྒྱབ་ནས་འགྲོ་བའི་སྐྱེས་པའི་མི་གྲངས་ནི་འབུམ་དྲུག་ཙམ་ཡོད། 38 མི་ཚོགས་འདྲེས་མ་ཞིག་དང་ར་ལུག་དང་བ་གླང་གི་ཁྱུ་རྣམས་ཏེ་སྒོ་ཕྱུགས་གྲངས་ལས་འདས་པའང་ཁོ་རྣམས་དང་མཉམ་དུ་སོང་བ་དང་། 39 ཡང་ཁོ་རྣམས་ཀྱིས་ཨེ་ཅིབ་ཡུལ་ནས་ཁྱེར་བའི་བག་ཟན་ནས་སྐྱུར་མེད་བག་ལེབ་བསྲེགས་པ་སྟེ། ཅི་ལ་ཞེ་ན། ཨེ་ཅིབ་ཡུལ་ནས་བཏོན་ཞིང་འགོར་འགྱང་བྱེད་མ་ནུས་པས་བག་ཟན་ལ་སྐྱུར་རྩི་མ་བཅུག་པ་དང་། རང་གི་ཆེད་དུ་བཟའ་བཅའ་ཅི་ཡང་གྲ་སྒྲིག་བྱས་མེད་པའི་ཕྱིར་རོ། །
40 ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་དུ་བསྡོམས་པས་ལོ་ངོ་བཞི་བརྒྱ་སུམ་ཅུར་བསྡད། 41 ཡང་ལོ་བཞི་བརྒྱ་སུམ་ཅུ་ཏག་ཏག་ལོན་པའི་ཉིན་དེ་ལ་དཀོན་མཆོག་ཡ་ཝཱེའི་དཔུང་སྡེ་ཐམས་ཅད་ཨེ་ཅིབ་ཡུལ་ནས་ཕྱིར་ཐོན་ཞིང་། 42 མཚན་མོ་དེ་ནི་དཀོན་མཆོག་ཡ་ཝཱེས་ཁོ་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་པའི་མཚན་མོ་ཡིན་པས། ཡེས་ར་ཨེལ་པ་རྣམས་དང་དེ་དག་གི་བུ་རབས་ཐམས་ཅད་ཀྱིས་མཚན་མོ་དེ་དཀོན་མཆོག་ཡ་ཝཱེ་ལ་ནན་བརྩི་བྱེད་དགོས་སོ། །
པེ་སག་དུས་ཆེན་གྱི་ཁྲིམས་སྲོལ།
43 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་དང་ཨ་རོན་གཉིས་ལ་འདི་སྐད་དུ། པེ་སག་དུས་ཆེན་གྱི་ཁྲིམས་སྲོལ་ནི་འདི་ལྟར་ཡིན་ཏེ། ཕྱི་ཕྱོགས་པ་སུ་ཡིན་ཡང་ལུ་གུའི་ཤ་བཟའ་མི་རུང་། 44 འོན་ཀྱང་། དངུལ་སྤྲད་ནས་ཉོས་པའི་གཡོག་པོ་ནི་མཚན་སྐྱི་བཅད་པ་ཡིན་ན་དེས་བཟའ་རུང་བ་ཡིན། 45 བྱེས་སུ་སྡོད་པའམ་གླ་པ་སུ་ཡིན་ཡང་དེ་ལས་བཟའ་མི་རུང་། 46 ཅིས་ཀྱང་ཁང་པ་གཅིག་གི་ནང་དུ་བཟའ་དགོས་ཤིང་། ལུ་གུ་དེའི་ཤ་ལས་ཅུང་ཙམ་ཡང་ཁང་པའི་ཕྱི་རུ་འཁྱེར་མི་འོས་ལ། དེའི་རུས་པ་གཅིག་ཀྱང་གཅོག་མི་རུང་། 47 ཡེས་ར་ཨེལ་གྱི་ཚོགས་ཐམས་ཅད་ཀྱིས་ཁྲིམས་སྲོལ་དེ་བསྲུང་དགོས། 48 གལ་ཏེ་བྱེས་པ་ཞིག་ཁྱོད་ཅག་གི་ཁྲོད་དུ་གནས་ཏེ་དཀོན་མཆོག་ཡ་ཝཱེ་ལ་པེ་སག་གི་དུས་ཆེན་བསྲུང་བར་དགའ་ཞིང་། ཁྱིམ་དེའི་སྐྱེས་པ་ཐམས་ཅད་ཀྱི་མཚན་སྐྱི་བཅད་ན། ད་གཟོད་ཡུལ་མི་ལྟར་ཡོང་ནས་དུས་ཆེན་བསྲུང་དུ་འཇུག་རུང་བ་ཡིན། འོན་ཀྱང་། མཚན་སྐྱི་མ་བཅད་པ་དག་གིས་དེ་ལས་བཟའ་མི་འོས། 49 ཡུལ་མི་དང་ཁྱོད་ཅག་གི་ཁྲོད་དུ་གནས་པའི་བྱེས་པ་རྣམས་ལ་ཁྱད་པར་གང་ཡང་མེད་པར་བཀའ་ཁྲིམས་གཅིག་ཡོད་དགོས་ཞེས་གསུངས་སོ། །
50 དཀོན་མཆོག་ཡ་ཝཱེས་མོ་ཤེ་དང་ཨ་རོན་གཉིས་ལ་བཀའ་ཇི་ལྟར་གནང་བ་ཡིན་ན། ཡེས་ར་ཨེལ་པ་ཐམས་ཅད་ཀྱིས་དེ་བཞིན་དུ་བྱས་ཤིང་། 51 ཉིན་དེ་ལ་དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ཁོ་ཚོའི་དཔུང་སྡེ་བཞིན་དུ་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་པར་མཛད་དོ། །
* ལེའུ་བཅུ་གཉིས་པ།:3 ཡང་ན་རེའུ་ལ་གོ་རུང་བ་ཡིན། གཤམ་དུ་ལུ་གུ་ཞེས་འབྱུང་བ་དོན་གཅིག་ཡིན།