ལེའུ་བཅུ་དགུ་པ།
རི་བོ་སི་ནཱ་ནས་དཀོན་མཆོག་མཇལ་བ།
དེ་ནས་ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་གྱི་ཕྱི་རུ་ཐོན་པ་ནས་ཟླ་བ་གསུམ་པའི་ཉིན་དེར་སི་ནཱ་བྱ་བའི་དབེན་སྟོང་དུ་སླེབས། ཁོ་རྣམས་རཱ་ཕི་དིམ་ཡུལ་ནས་ཆས་ཏེ་སི་ནཱའི་དབེན་སྟོང་དུ་སླེབས་ནས་དེའི་རི་འདབས་སུ་སྒར་བཏབ། མོ་ཤེ་ཡར་དཀོན་མཆོག་གི་དྲུང་དུ་སོང་བ་ལ། ཁོང་གིས་རི་མགོ་ནས་མོ་ཤེ་ལ་ཞལ་འབོད་གནང་སྟེ་འདི་སྐད་དུ། ཁྱོད་ཀྱིས་ཡ་ཀོབ་ཀྱི་ཁྱིམ་རྒྱུད་ལ་འདི་ལྟར་སྨྲོས་དང་། ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྒྲོགས་ཤིག ངས་ཨེ་ཅིབ་པ་རྣམས་ལ་ཅི་ཞིག་བྱས་པ་དང་། ཇི་ལྟར་ཁྱོད་རྣམས་གླག་གི་གཤོག་པའི་སྟེང་འཁུར་བ་བཞིན་ངའི་དྲུང་དུ་ཁྲིད་པ་དེ་ཁྱོད་ཅག་གིས་མཐོང་བ་ཡིན། ད་ལྟ་ཁྱོད་ཅག་གིས་དངོས་གནས་བདག་གི་ངག་ལ་མཉན་པ་དང་བདག་གི་ཁ་ཆད་བསྲུང་བ་ཡིན་ན། མི་ཐམས་ཅད་ལས་ཁྱོད་ཅག་ནི་ངའི་ནོར་བུ་ཁྱད་པར་ཅན་ཞིག་ཡིན་པར་འགྱུར། ཅིའི་ཕྱིར་ཞེ་ན། ས་གཞི་ཐམས་ཅད་བདག་གི་ཡིན་པའི་ཕྱིར་རོ། ། ཁྱོད་ཅག་ནི་ངའི་ཕྱིར་མཆོད་དཔོན་གྱི་རྒྱལ་ཁམས་ཤིག་དང་མི་རིགས་དམ་པ་ཞིག་ཏུ་འགྱུར་ཞེས་གཏམ་འདི་དག་ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་སྨྲ་དགོས་པ་དེ་ཡིན་ཞེས་གསུངས་སོ། །
དེ་ནས་མོ་ཤེ་ཕྱིར་ལོག་སྟེ་མི་རྣམས་ཀྱི་རྒན་པོ་རྣམས་བོས་ཡོང་ནས། དཀོན་མཆོག་ཡ་ཝཱེས་ཁོ་རང་ལ་གནང་བའི་བཀའ་ཐམས་ཅད་དེ་རྣམས་ལ་སྨྲས། དེའི་ལན་དུ་མི་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་དཀོན་མཆོག་ཡ་ཝཱེས་ཅི་དང་ཅི་གསུངས་པ་བཞིན་དུ་ངེད་རྣམས་ཀྱིས་བསྒྲུབ་པར་བྱ་ཞེས་སྨྲས་ཤིང་། མོ་ཤེ་ཡིས་མི་རྣམས་ཀྱི་གཏམ་དེ་དཀོན་མཆོག་ཡ་ཝཱེ་ལ་ཞུས་སོ། ། དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཀྱེ་ཧོ། ང་རང་སྤྲིན་སྟུག་པོ་ཞིག་གི་ནང་ཁྱོད་ཀྱི་གམ་དུ་འོང་སྟེ། ཁྱོད་ལ་གཏམ་སྨྲ་བར་འགྱུར་བ་དེ་མི་རྣམས་ཀྱིས་ཀྱང་ཐོས་པ་དང་། ཁྱོད་ལ་རྟག་ཏུ་ཡིད་ཆེས་པའི་ཕྱིར་ཡིན་ཞེས་གསུངས་པ་དང་། མོ་ཤེ་ཡིས་མི་རྣམས་ཀྱི་གཏམ་དེ་དཀོན་མཆོག་ཡ་ཝཱེ་ལ་ཞུས་སོ། །
10 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ། ཁྱོད་རང་མི་རྣམས་ཀྱི་གམ་དུ་སོང་ནས་དེ་རིང་དང་སང་ཉིན་ཁོ་རྣམས་དམ་པར་བྱོས་ཤིག་དང་། དེ་དག་ལ་རང་གི་གོས་རྣམས་ཀྱང་བཀྲུ་རུ་ཆུག 11 ཉིན་གསུམ་པར་གྲ་སྒྲིག་བྱས་ཚར་དགོས། གང་ལ་ཟེར་ན། ཉིན་གསུམ་པར་དཀོན་མཆོག་ཡ་ཝཱེ་མི་ཐམས་ཅད་ཀྱི་མིག་མདུན་དུ་རི་བོ་སི་ནཱ་ལ་མར་ཕེབས་རྒྱུ་ཡིན་པས་སོ། ། 12 ཁྱོད་ཀྱིས་རི་བོའི་ཕྱོགས་བཞིར་མི་རྣམས་ལ་དབྱེ་མཚམས་ཕྱེས་ནས་འདི་ལྟར། ཁྱོད་ཅག་གིས་གཟབ་གཟབ་བྱེད་དགོས་ཤིང་། རི་ལ་འགོས་པའམ་དེའི་འདབས་ལ་རེག་མི་རུང་སྟེ། སུ་ཞིག་གིས་རི་ལ་རེག་ན་དེ་ཅིས་ཀྱང་གསོད་དགོས། 13 མི་དེ་ལྟ་བུ་ལ་ལག་པས་རེག་མི་རུང་སྟེ་རྡོ་རུབ་གཏོང་བའམ་མདའ་ཡིས་བརྒྱབ་ནས་གསོད་དགོས། དུད་འགྲོའམ་མི་གང་ཡིན་རུང་གསོན་མི་འོས་ཞེས་སྨྲ་བར་གྱིས། རྭ་དུང་གི་སྐད་ཡུན་རིང་དུ་བྱུང་ཚེ་དེ་དག་ད་གཟོད་ཡར་རི་ལ་འོང་ཆོག་པ་ཡིན་ཞེས་གསུངས། 14 དེ་ནས་མོ་ཤེ་རི་ལས་བབས་ཏེ་མི་རྣམས་ཀྱི་གམ་དུ་འོངས་པ་དང་། ཁོ་རྣམས་དམ་པར་བྱས་ཤིང་། དེ་དག་གིས་རང་གི་གོས་རྣམས་བཀྲུས། 15 ཡང་མོ་ཤེ་ཡིས་མི་རྣམས་ལ། ཉིན་གསུམ་པར་གྲ་སྒྲིག་བྱས་ཚར་དགོས། སུ་ཡང་བུད་མེད་དང་འགྲོགས་མི་རུང་ཞེས་སྨྲས་ཤིང་། 16 ཉིན་གསུམ་པའི་ཞོགས་པར། འབྲུག་སྒྲ་ལྡིར་ཞིང་གློག་དམར་འཁྱུགས་པ་དང་རི་ལ་སྤྲིན་སྟུག་པོ་འཐིབས། རྭ་དུང་གི་སྐད་ཤིན་ཏུ་ཆེན་པོ་བྱུང་བས། སྒར་ལ་ཡོད་པའི་མི་ཐམས་ཅད་སྐྲག་ནས་འདར། 17 མོ་ཤེ་ཡིས་མི་རྣམས་སྒར་གྱི་ཕྱི་རོལ་ཏུ་དཀོན་མཆོག་མཇལ་བར་ཁྲིད་ཅིང་། དེ་དག་རི་འདབས་སུ་ལངས་ནས་བསྡད་དོ། །
18 དཀོན་མཆོག་ཡ་ཝཱེ་མེ་དང་བཅས་རི་བོ་སི་ནཱ་ལ་མར་ཕེབས་པས་གནས་ཐམས་ཅད་ལས་དུ་བ་འཕྱུར་བ་དང་། མེ་ཐབ་ཀྱི་དུ་བ་ལྟར་དུ་བ་དེ་གྱེན་ལ་ལངས་ཤིང་། རི་བོ་ཡོངས་རྫོགས་ལྕིག་ལྕིག་ཏུ་འགུལ། 19 དེ་ནས་རྭ་དུང་གི་སྐད་རིམ་བཞིན་ཆེ་རུ་ཕྱིན་པའི་སྐབས་སུ། མོ་ཤེ་ཡིས་གཏམ་ཞུས་ཤིང་དཀོན་མཆོག་གིས་གསུང་སྐད་ཞིག་གིས་ཁོ་ལ་ལན་གསུངས་སོ། ། 20 དཀོན་མཆོག་ཡ་ཝཱེ་རི་བོ་སི་ནཱའི་རྩེ་མོར་མར་ཕེབས་ཤིང་། ཁོང་གིས་མོ་ཤེ་རི་མགོར་འོང་བའི་ཞལ་འབོད་གནང་བ་དང་མོ་ཤེ་རི་ལ་འགོས། 21 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་མར་སོང་ནས་མི་རྣམས་ལ་ཉེན་བརྡ་ཐོངས་ཤིག དེ་ལྟར་མ་བྱས་ན། དེ་རྣམས་ཀྱིས་ང་རང་མཐོང་བའི་ཆེད་དུ་བཙན་གྱིས་མཚམས་ལས་བརྒལ་ནས་མི་མང་པོའང་འཆི་བར་ངེས། 22 ཡང་དཀོན་མཆོག་ཡ་ཝཱེའི་ཉེ་སར་འོང་བའི་མཆོད་དཔོན་རྣམས་ཀྱིས་རང་ཉིད་དམ་པར་བྱེད་དགོས་པ་ཡིན། དེ་མིན་ཚེ་དཀོན་མཆོག་ཡ་ཝཱེ་གློ་བུར་ཉིད་ལ་སླེབས་ནས་དེ་རྣམས་གསོད་ཉེན་ཆེ་ཞེས་གསུངས། 23 མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེ་ལ་འདི་ལྟར། མི་རྣམས་རི་བོ་སི་ནཱ་ལ་འགོས་མི་རུང་སྟེ། ཁྱེད་ཀྱིས་རི་འདིའི་ཕྱོགས་བཞིར་དབྱེ་མཚམས་ཕྱེས་ལ་དམ་པར་སྲུངས་ཤིག་ཅེས་བཀའ་གནང་བས་སོ་ཞེས་ཞུས་པ་ལ། 24 དཀོན་མཆོག་ཡ་ཝཱེས་ཁོ་རང་ལ། མར་སོང་དང་། དེ་ནས་ཁྱོད་ཨ་རོན་དང་མཉམ་དུ་ཡར་འོང་བར་གྱིས། འོན་ཀྱང་མཆོད་དཔོན་དང་མི་རྣམས་བདག་གི་མདུན་དུ་འོང་ཕྱིར་བཙན་གྱིས་མཚམས་ལས་བརྒལ་མི་རུང་སྟེ། ཅི་ལ་ཞེ་ན། དེ་ལྟར་བྱས་ན་ང་རང་གློ་བུར་ཉིད་ལ་སླེབས་ནས་དེ་དག་གསོད་ཉེན་ཆེ་ཞེས་གསུངས། 25 དེའི་ཕྱིར་མོ་ཤེ་རི་ལས་བབས་པ་དང་། མི་རྣམས་ཀྱི་གམ་དུ་སོང་ནས་དེ་དག་ལ་སྨྲས་སོ། །