ལེའུ་ཉེར་ལྔ་པ།
ཆེད་དུ་འབུལ་བ་བསྡུ་བ།
ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ། བདག་ལ་འབུལ་བ་འབུལ་དགོས་པར་སྨྲོས་ཤིག སེམས་ནས་འབུལ་བ་འབུལ་བར་དགའ་བ་རྣམས་ལས་བདག་ལ་འབུལ་བ་བསྡུ་དགོས། དེ་རྣམས་ལས་བསྡུ་དགོས་པའི་འབུལ་བ་རྣམས་ནི་འདི་ལྟ་སྟེ། གསེར་དང་དངུལ་དང་ལི་དང་། བལ་སྐུད་མཐིང་ག་དང་རྒྱ་སྨུག་དང་མཚལ་དམར་གྱི་མདོག་ཅན་དང་། སོ་རས་སྲབ་བུ་དང་། ར་མའི་ཁུལ་རྩིད་དང་། ལུག་ཐུག་གི་པགས་པ་རྒྱ་ཚོས་བརྒྱབ་པ་དང་ཀོ་བ་སྤུས་ལེགས་དང་སེང་ལྡེང་ཤིང་དང་། སྒྲོན་མེའི་ཕྱིར་འཚིར་སྣུམ་དང་། འབྱུག་སྣུམ་དང་དྲི་ཞིམ་བདུག་སྤོས་ཀྱི་ཕྱིར་བསུང་རྫས་རྣམས་དང་། གཟི་དང་རིན་པོ་ཆེ་གཞན་དག་དགོས་པ་སྟེ། མཆོད་དཔོན་གྱི་བེར་ཐུལ་དང་བྲང་རྒྱན་ལ་ཕྲ་རྒྱག་དགོས་པའི་ཕྱིར་རོ། ། ཡང་ང་རང་ནི་དེ་དག་གི་དཀྱིལ་དུ་གནས་པའི་ཕྱིར་ཁོ་རྣམས་ཀྱིས་ང་ལ་གནས་མཆོག་ཅིག་བཟོ་དགོས། ངས་ཁྱོད་ལ་སྟོན་པར་འགྱུར་བའི་གུར་མཆོག་གི་དཔེ་དང་། དེའི་ནང་ལ་ཡོད་པའི་ཡོ་བྱད་ཐམས་ཅད་ཀྱི་དཔེ་བཞིན་དུ་བཟོ་དགོས་ཞེས་གསུངས་སོ། །
ཤུར་སྒམ་བཟོ་བའི་སྐོར།
10 ཡང་འདི་སྐད་དུ། ཁོ་རྣམས་ཀྱིས་སེང་ལྡེང་ཤིང་གིས་ཤུར་སྒམ་ཞིག་བཟོ་དགོས། དེའི་རིང་ཚད་ལ་ཁྲུ་གཉིས་དང་ཕྱེད། ཞེང་ཚད་ལ་ཁྲུ་གཅིག་དང་ཕྱེད། མཐོ་ཚད་ལ་ཁྲུ་གཅིག་དང་ཕྱེད་ཀའོ། ། 11 དེའི་ཕྱི་ནང་གཉིས་གསེར་བཙོ་མས་གཡོགས་ཤིག དེའི་མཐའ་འཁོར་ལ་གསེར་གྱི་མུ་ཁྱུད་ཅིག་བཟོ་དགོས། 12 ཡང་གསེར་གྱི་ཨ་ལོང་བཞི་བླུགས་ནས་དེའི་སུག་པ་བཞི་ལ་སྦྱོར་དགོས་ཤིང་། ཨ་ལོང་གཉིས་ལོགས་གཅིག་དང་ཨ་ལོང་གཉིས་ལོགས་ཅིག་ཤོས་ལ་སྦྱོར་ཅིག 13 ཡང་སེང་ལྡེང་ཤིང་གིས་རྒྱུག་པ་གཉིས་བཟོས་ནས་དེ་གསེར་གྱིས་གཡོགས་ཤིག 14 ཤུར་སྒམ་དེ་འཁུར་བའི་ཕྱིར་རྒྱུག་པ་གཉིས་ཤུར་སྒམ་གྱི་ལོགས་གཉིས་ཀའི་ཨ་ལོང་རྣམས་ལ་རྒྱུས་ཤིག 15 རྒྱུག་པ་དེ་གཉིས་ཤུར་སྒམ་གྱི་ཨ་ལོང་ནང་དུ་ཡོད་དགོས་ཤིང་དེ་ལས་འདོན་མི་རུང་། 16 ཡང་ངས་ཁྱོད་རང་ལ་གནང་རྒྱུ་ཡིན་པའི་དཔང་པོའི་རྡོ་ལེབ་གཉིས་པོ་ཤུར་སྒམ་གྱི་ནང་དུ་འཇུག་དགོས་སོ། །
17 ཁྱོད་ཀྱིས་གསེར་བཙོ་མས་ཐུགས་རྗེའི་བཞུགས་ཁྲི་ཞིག་བཟོ་དགོས། དེའི་རིང་ཚད་ནི་ཁྲུ་གཉིས་དང་ཕྱེད། ཞེང་ཚད་ལ་ཁྲུ་གཅིག་དང་ཕྱེད་ཡིན། 18 ཁྱོད་ཀྱིས་ཐུགས་རྗེའི་བཞུགས་ཁྲི་ཡི་སྣེ་མོ་གཉིས་ལ་གསེར་གྱིས་འབུར་རྡུང་བྱས་པའི་ཀེ་རུབ་ཀྱི་གཟུགས་བརྙན་གཉིས་བཟོས་ཤིག 19 ཀེ་རུབ་གཅིག་སྣེ་མོ་གཅིག་དང་། ཀེ་རུབ་ཅིག་ཤོས་སྣེ་མོ་གཞན་དེ་ལ་བཟོས་ནས། ཀེ་རུབ་གཉིས་ནི་ཐུགས་རྗེའི་བཞུགས་ཁྲི་ཡི་སྣེ་མོ་གཉིས་ལ་དངོས་པོ་གཅིག་ཏུ་སྦྲེལ་བཟོ་བྱེད་དགོས། 20 ཀེ་རུབ་གཉིས་ཀྱིས་རང་གི་གཤོག་པ་གྱེན་དུ་རྐྱོང་ཞིང་ཐུགས་རྗེའི་བཞུགས་ཁྲི་གཡོགས་པ་དང་། ཀེ་རུབ་གཉིས་ཕན་ཚུན་ལ་གདོང་གཏོད་དགོས་པ་དང་། ཡང་དེ་གཉིས་ཀྱི་ཞལ་ངོ་ནི་བཞུགས་ཁྲི་ལ་འཁོར་དགོས། 21 ཁྱོད་ཀྱིས་ཐུགས་རྗེའི་བཞུགས་ཁྲི་དེ་ཤུར་སྒམ་གྱི་སྟེང་ལ་བཞག་ནས། ཤུར་སྒམ་གྱི་ནང་དུ་ངས་ཁྱོད་ལ་གནང་བར་འགྱུར་བའི་དཔང་པོའི་རྡོ་ལེབ་གཉིས་པོ་འཇུག་པར་བྱའོ། ། 22 གནས་དེ་རུ་ང་རང་ཁྱོད་དང་འཕྲད་པར་འགྱུར་བ་དང་། ཐུགས་རྗེའི་བཞུགས་ཁྲིའི་གོང་ཕྱོགས་དང་། དཔང་མཛད་ཤུར་སྒམ་གྱི་སྟེང་ལ་ཡོད་པའི་ཀེ་རུབ་གཉིས་ཀྱི་དཀྱིལ་ཕྱོགས་ཀྱི་བར་ས་དེ་ནས། བདག་གིས་ཁྱོད་ལ་ཡེས་ར་ཨེལ་པ་རྣམས་ལ་སྒྲོག་པའི་བཀའ་ཐམས་ཅད་སྨྲ་བར་འགྱུར་ཞེས་གསུངས་སོ། །
སྤྱན་བསྟར་བག་ལེབ་ཀྱི་སྒྲོག་ཙེའི་སྐོར།
23 ཡང་འདི་སྐད་དུ། ཁྱོད་ཀྱིས་སེང་ལྡེང་ཤིང་གིས་སྒྲོག་ཙེ་ཞིག་བཟོ་དགོས། དེའི་རིང་ཚད་ནི་ཁྲུ་གཉིས་དང་། ཞེང་ཚད་ལ་ཁྲུ་གཅིག མཐོ་ཚད་ཁྲུ་གཅིག་དང་ཕྱེད་ཀའོ། ། 24 དེ་གསེར་བཙོ་མས་གཡོགས་པ་དང་། དེའི་མཐའ་འཁོར་ལ་གསེར་གྱི་མུ་ཁྱུད་ཅིག་བཟོས་ཤིག 25 མུ་ཁྱུད་དེའི་འགབ་ཏུ་ཡང་མཐོ་ཚད་ལ་སོར་བཞི་ཅན་གྱི་མཐའ་རྒྱན་ཞིག་བྱོས་དང་། དེའི་སྟེང་དུ་ཡང་གསེར་གྱི་མུ་ཁྱུད་ཅིག་སྦྱོར་ཅིག 26 ཡང་དེ་ལ་གསེར་གྱི་ཨ་ལོང་བཞི་བཟོས་ཏེ། དེའི་གྲུ་བཞིའི་སུག་པ་བཞི་ལ་སྦྱོར་ཅིག 27 ཨ་ལོང་དེ་དག་མཐའ་རྒྱན་གྱི་འཁྲིས་སུ་སྦྱར་ཏེ་སྒྲོག་ཙེ་འཁུར་བའི་ཕྱིར་དེ་དག་ནི་རྒྱུག་པ་རྣམས་ཀྱི་བསྐོན་ས་ཡིན། 28 སྒྲོག་ཙེ་འཁུར་བའི་ཕྱིར་རྒྱུག་པ་དེ་རྣམས་སེང་ལྡེང་ཤིང་གིས་བཟོས་ཏེ་གསེར་གྱིས་གཡོགས་ཤིག 29 སྒྲོག་ཙེ་སྟེང་གི་གཞོང་པ་དང་སྡེར་མ་རྣམས་དང་། བུམ་པ་དང་། སྐྱེམས་མཆོད་འབུལ་བྱེད་ཨུ་ལུ་བཅས་བཟོ་དགོས་ཤིང་། དེ་དག་གསེར་བཙོ་མས་བཟོ་དགོས། 30 ཡང་སྒྲོག་ཙེ་དེའི་སྟེང་ལ་ཁྱོད་ཀྱིས་དུས་གཏན་དུ་ངའི་དྲུང་དུ་སྤྱན་བསྟར་བག་ལེབ་འཇོག་དགོས་ཞེས་གསུངས་སོ། །
སྒྲོན་སྟེགས་ཀྱི་སྐོར།
31 ཡང་འདི་སྐད་དུ། ཁྱོད་ཀྱིས་སྒྲོན་སྟེགས་ཤིག་གསེར་བཙོ་མས་བཟོ་དགོས་ཏེ། སྒྲོན་སྟེགས་དེ་ནི་འབུར་རྡུང་གིས་བཟོ་དགོས་ཤིང་། དེའི་ཞབས་ར་དང་སྟེགས་རྐང་། སྒྲོན་ཕོར། གང་བུའི་གཟུགས། མེ་ཏོག་གི་དབྱིབས་ཚུགས་བཅས་སྒྲོན་སྟེགས་དང་སྦྲེལ་བཟོ་བྱེད་དགོས། 32 སྒྲོན་སྟེགས་ཀྱི་ལོགས་གཉིས་ནས་གེལ་པ་དྲུག་འཐོན་པར་བྱེད་དགོས་ཏེ། སྒྲོན་སྟེགས་ཀྱི་ལོགས་གཅིག་ནས་གེལ་པ་གསུམ་དང་ལོགས་ཅིག་ཤོས་སུ་གེལ་པ་གསུམ་འཐོན་དགོས། 33 ལོགས་གཉིས་ཀའི་གེལ་པ་རེ་ལ་སྟར་སྡོང་གི་མེ་ཏོག་ལྟར་བྱས་པའི་སྒྲོན་ཕོར་གསུམ་རེ་ཡོད་པ་དང་། སྒྲོན་ཕོར་རེ་རེའི་སྟེགས་རྐང་དུ་གང་བུའི་གཟུགས་ཤིག་དང་། མེ་ཏོག་གཟུགས་ཤིག་བཅས་ཡོད་དགོས། སྒྲོན་སྟེགས་ཀྱི་སྤྱི་སྡོམ་གེལ་པ་དྲུག་པོ་ཕན་ཚུན་ཆ་མཚུངས་པ་ཡིན་དགོས། 34 ཡང་སྒྲོན་སྟེགས་རྐང་པའི་སྟར་སྡོང་གི་མེ་ཏོག་ལྟར་བྱས་པའི་སྒྲོན་ཕོར་བཞི་ལ་གང་བུའི་གཟུགས་ཤིག་དང་མེ་ཏོག་གཟུགས་ཤིག་བཅས་ཡོད་དགོས་པ་དང་། 35 དེའི་གེལ་པ་ཟུང་གཅིག་གི་འོག་ཏུ་གང་བུའི་གཟུགས་ཤིག་དང་། ཡང་དེའི་གེལ་པ་གཞན་ཟུང་གི་འོག་ཏུའང་གང་བུའི་གཟུགས་ཤིག་དང་། ཡང་དེའི་གེལ་པ་གཞན་ཟུང་གི་འོག་ཏུའང་གང་བུའི་གཟུགས་ཤིག་སྟེ། དེ་ལྟར་སྒྲོན་སྟེགས་ལས་བྱུང་བའི་གེལ་པ་དྲུག་པོ་ལ་ཡོད་པར་བྱེད་དགོས་སོ། ། 36 གང་བུའི་གཟུགས་རྣམས་དང་གེལ་པ་རྣམས་ནི་མུ་འབྲེལ་དུ་འབུར་རྡུང་བྱས་པའི་གསེར་བཙོ་མས་བཟོ་བར་བྱའོ། ། 37 ཡང་དེ་ལ་སྒྲོན་མེ་བདུན་བཟོས་ཤིག དེ་རྣམས་ཀྱི་འོད་མདུན་ཕྱོགས་སུ་འཆར་བའི་ཕྱིར་སྒྲོན་སྟེགས་སྟེང་དུ་ཞོག་ཅིག 38 དེའི་སྡོང་རས་གཅོད་བྱེད་སྐམ་ཆུང་དང་ཀ་ཏོ་ར་རྣམས་གསེར་བཙོ་མས་བཟོ་དགོས། 39 སྒྲོན་སྟེགས་དང་དེའི་ཡོ་བྱད་ཐམས་ཅད་གསེར་བཙོ་མ་རྡོ་ཚད་*གཅིག་གིས་བཟོ་དགོས། 40 རི་མགོ་ནས་ཁྱོད་ལ་བསྟན་པའི་དཔེ་བཞིན་དུ་དེ་དག་བཟོ་བ་ལ་གཟབ་གཟབ་གྱིས་ཤིག་ཅེས་གསུངས་སོ། །
* ལེའུ་ཉེར་ལྔ་པ།:39 འདིར་རྡོ་ཚད་ཅེས་པ་ནི་མ་ཕྱི་ལས་ཡ་ཧུ་དཱའི་སྐད་དོད་དེ་ཁེ་ཁཱར་ཞེས་མཐོང་། ཁེ་ཁཱར་ནི་གནའ་བོའི་ཡ་ཧུ་དཱ་མི་རིགས་ཀྱི་ལྗིད་ཚད་འཇལ་བྱེད་ཅིག་ཡིན་ལ། ཁེ་ཁཱར་གཅིག་ནི་སྤྱི་རྒྱ་སུམ་ཅུ་སོ་བཞི་ཙམ་ཡིན།