ལེའུ་སོ་ལྔ་པ།
ངལ་གསོ་བའི་ཉིན་གྱི་སྒྲིག་ཁྲིམས།
ཡང་མོ་ཤེ་ཡིས་ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ཐམས་ཅད་བསྡུས་ནས་དེ་དག་ལ། དཀོན་མཆོག་ཡ་ཝཱེས་གསུངས་པའི་བཀའ་སྟེ་ཁྱོད་ཅག་གིས་བསྒྲུབ་དགོས་པ་རྣམས་ནི་འདི་ལྟ་སྟེ། ཉིན་དྲུག་གི་རིང་ལ་ལས་ཀ་བྱེད་ཅིང་ཉིན་བདུན་པ་ནི་ཁྱོད་ཚོར་མཚོན་ན་དམ་པ་ཡིན་དགོས་ཤིང་། དཀོན་མཆོག་ཡ་ཝཱེའི་ཕྱིར་ངལ་གསོ་ཡོངས་སུ་རྫོགས་པའི་ཉིན་མོ་ཡང་ཡིན། ཉིན་དེ་ལ་ལས་ཀ་བྱེད་པའི་མི་སུ་ཡིན་ཡང་གསོད་དགོས། ངལ་གསོ་བའི་ཉིན་ལ་ཁྱོད་ཅག་གི་སྡོད་གནས་རྣམས་སུ་མེ་སྦར་མི་རུང་ཞེས་བཀའ་གནང་བ་ཡིན་ནོ། །
གུར་མཆོག་གི་འབུལ་བའི་སྐོར།
ཡང་མོ་ཤེ་ཡིས་ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ཐམས་ཅད་ལ་འདི་ལྟར། དཀོན་མཆོག་ཡ་ཝཱེས་བཀའ་གནང་བ་འདི་ཡིན་ཏེ། ཁྱོད་ཅག་གིས་རང་གི་ཁྲོད་ནས་དཀོན་མཆོག་ཡ་ཝཱེ་ལ་འབུལ་བ་རྣམས་ལོངས་ཤིག འབུལ་འདོད་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་འབུལ་བ་འདི་ཕུལ་ཞིག དེ་ནི་གསེར་དང་དངུལ་དང་ལི་བཅས་དང་། བལ་སྐུད་མཐིང་ག་དང་རྒྱ་སྨུག་དང་མཚལ་དམར་གྱི་མདོག་ཅན་དང་། སོ་རས་སྲབ་བུ་དང་། ར་མའི་ཁུལ་རྩིད་དང་། ལུག་ཐུག་གི་པགས་པ་རྒྱ་ཚོས་བརྒྱབ་པ་དང་ཀོ་བ་སྤུས་ལེགས་དང་སེང་ལྡེང་ཤིང་དང་། སྒྲོན་མེའི་ཕྱིར་འཚིར་སྣུམ་དང་། འབྱུག་སྣུམ་དང་དྲི་ཞིམ་བདུག་སྤོས་ཀྱི་ཕྱིར་བསུང་རྫས་རྣམས་དང་། གཟི་དང་རིན་པོ་ཆེ་གཞན་དག་དགོས་པ་སྟེ། མཆོད་དཔོན་གྱི་བེར་ཐུལ་དང་བྲང་རྒྱན་ལ་ཕྲ་རྒྱག་དགོས་པའི་ཕྱིར་ཡིན་ནོ། །
10 ཁྱོད་ཅག་གི་ཁྲོད་དུ་སེམས་སུ་ཤེས་རབ་ལྡན་པ་ཐམས་ཅད་འོངས་ནས་དཀོན་མཆོག་ཡ་ཝཱེས་བཀའ་ཅི་བསྩལ་པ་ཐམས་ཅད་བསྒྲུབ་དགོས་ཏེ། 11 གུར་མཆོག་དང་དེའི་གུར་ཀླད་དང་ཐོག་ཁེབས་དང་ཀྱུ་དང་པང་ལེབ་དང་འཕྲེད་རྒྱུག་དང་ཀ་བ་དང་ཞབས་ར་བཅས་དང་། 12 ཤུར་སྒམ་དང་དེའི་རྒྱུག་པ་དང་ཐུགས་རྗེའི་བཞུགས་ཁྲི་དང་དེའི་གཡོག་བྱེད་ཀྱི་ཡོལ་བ་བཅས་དང་། 13 སྒྲོག་ཙེ་དང་དེའི་རྒྱུག་པ་དང་དེ་ལ་གཏོགས་པའི་ཡོ་བྱད་རྣམས་དང་། སྤྱན་བསྟར་བག་ལེབ་དང་། 14 འོད་ཀྱི་ཕྱིར་ཡིན་པའི་སྒྲོན་སྟེགས་དང་དེའི་ཡོ་བྱད་རྣམས་དང་སྒྲོན་མེ་རྣམས་དང་ཡང་སྒྲོན་མེའི་ཕྱིར་འཚིར་སྣུམ་དང་། 15 སྤོས་ཁྲི་དང༌། དེའི་རྒྱུག་པ་གཉིས་བཅས་པ་དང་། འབྱུག་སྣུམ་དང་དྲི་ཞིམ་བདུག་སྤོས་དང་། གུར་མཆོག་གི་སྒོའི་ཕྱིར་དུ་སྒོ་ཡོལ་དང༌། 16 སྦྱིན་སྲེག་གི་མཆོད་ཁྲི་དང་དེ་ལ་གཏོགས་པའི་ལི་ཡི་ཐག་མིག་དང་དེའི་རྒྱུག་པ་གཉིས་དང་དེའི་ཡོ་བྱད་ཐམས་ཅད་དང་དེའི་ཁྲུས་གཞོང་དང་དེའི་སྟེགས་བུ་དང་། 17 ཁྱམས་རའི་ཡོལ་བ་དང་དེའི་ཀ་བ་དང་དེའི་ཞབས་ར་རྣམས་དང༌། ཁྱམས་རའི་སྒོ་ཡོལ་དང་། 18 གུར་མཆོག་གི་ཕུར་བ་དང་ཁྱམས་ཀྱི་ཕུར་བ་དང་དེའི་ཆོན་ཐག་རྣམས་དང་། 19 གནས་དམ་པར་ཞབས་ཕྱི་བྱེད་པའི་ཆེད་དུ་ཐགས་ཞིབ་མོར་བཏགས་པའི་གོས་རྣམས་དང་། མཆོད་དཔོན་ཨ་རོན་གྱི་ན་བཟའ་དམ་པ་རྣམས་དང་། ཁོའི་བུ་རྣམས་ཀྱིས་མཆོད་དཔོན་གྱི་ཞབས་ཕྱི་བྱེད་པའི་ཕྱིར་ན་བཟའ་རྣམས་བཟོ་དགོས་ཞེས་བཀའ་གནང་ངོ་། །
20 དེ་ནས་ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ཐམས་ཅད་མོ་ཤེའི་དྲུང་ནས་སོང་ངོ་། ། 21 སེམས་འགུལ་ཐེབས་ནས་འབུལ་འདོད་ཡོད་པ་ཐམས་ཅད་ཚུར་འོངས་ཏེ། མཇལ་འཕྲད་གུར་མཆོག་གི་ལས་དང་དེ་རུ་ཡོད་པའི་ཞབས་འདེགས་དང་ན་བཟའ་དམ་པ་རྣམས་ཀྱི་ཕྱིར་དཀོན་མཆོག་ཡ་ཝཱེ་ལ་འབུལ་བ་རྣམས་ཁྱེར་འོངས་པ་རེད། 22 ཡང་སེམས་ནས་འབུལ་འདོད་ཡོད་པའི་སྐྱེས་པ་དང་བུད་མེད་རྣམས་ཀྱིས་བྲང་རྒྱན་དང་རྣ་ལོང་རྣམས་དང་། སོར་གདུབ་ཐམ་ག་ཅན་དང་ལག་གདུབ་བཅས་གསེར་གྱི་རྫས་སྣ་ཚོགས་ཁྱེར་འོངས་ཤིང་། མི་ཀུན་གྱིས་དཀོན་མཆོག་ཡ་ཝཱེ་ལ་གསེར་གཡོབ་མཆོད་དུ་ཕུལ་བ་རེད། 23 བལ་སྐུད་མཐིང་ག་དང་རྒྱ་སྨུག་དང་མཚལ་དམར་གྱི་མདོག་ཅན་དང་། སོ་རས་སྲབ་བུ་དང་། ར་མའི་ཁུལ་རྩིད་དང་། ལུག་ཐུག་གི་པགས་པ་རྒྱ་ཚོས་བརྒྱབ་པ་དང་ཀོ་བ་སྤུས་ལེགས་བཅས་སུ་ལ་ཡོད་པ་དེས་ཁྱེར་འོངས། 24 སུས་ཀྱང་དངུལ་དང་ལི་ཡི་འབུལ་བ་འབུལ་མཁན་ཐམས་ཅད་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་འབུལ་བ་བཞིན་ཁྱེར་འོངས་པ་དང་། ཞབས་འདེགས་ཀྱི་ལས་སྣ་ཚོགས་ཀྱི་ཕྱིར་སེང་ལྡེང་ཤིང་ཡོད་པ་ཐམས་ཅད་ཀྱིས་ཀྱང་དེ་ཁྱེར་འོངས། 25 ཡང་བུད་མེད་ཤེས་རབ་ལྡན་པ་རྣམས་ཀྱིས་རང་གི་ལག་པས་བཀལ་བའི་བལ་སྐུད་མཐིང་ག་དང་རྒྱ་སྨུག་དང་མཚལ་དམར་གྱི་མདོག་ཅན་དང་སོ་རས་སྲབ་བུ་བཅས་ཁྱེར་འོངས། 26 སེམས་འགུལ་ཐེབས་ཤིང་སེམས་སུ་ཤེས་རབ་ལྡན་པའི་བུད་མེད་རྣམས་ཀྱིས་སོ་སོའི་ལག་རྩལ་ལ་བརྟེན་ནས་ར་རྩིད་འཁེལ། 27 ཡང་དཔོན་རིགས་རྣམས་ཀྱིས་མཆོད་དཔོན་གྱི་བེར་ཐུལ་དང་བྲང་རྒྱན་གྱི་ཕྱིར་གཟི་དང་རིན་པོ་ཆེ་དག་ཕྲ་རྒྱག་པར་ཁྱེར་འོངས་པ་དང་། 28 བསུང་རྫས་དང་འཚིར་སྣུམ་ནི་སྒྲོན་མེ་དང་འབྱུག་སྣུམ་དང་དྲི་ཞིམ་བདུག་སྤོས་ཀྱི་ཕྱིར་ཁྱེར་འོངས། 29 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བསྒྲུབ་དགོས་པར་བཀའ་གནང་བའི་ལས་ཐམས་ཅད་ཀྱི་ཕྱིར། སེམས་སུ་འབུལ་འདོད་ཡོད་པའི་ཡེས་ར་ཨེལ་པ་རྣམས་ལས་སྐྱེས་པ་དང་བུད་མེད་རེ་རེས་དཀོན་མཆོག་ཡ་ཝཱེ་ལ་ཡིད་མོས་འབུལ་བ་རྣམས་ཁྱེར་འོངས་སོ། །
གུར་མཆོག་བཟོ་མཁན་གྱི་སྐོར།
30 དེ་ནས་མོ་ཤེ་ཡིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར། ལྟོས་དང་། དཀོན་མཆོག་ཡ་ཝཱེས་ཡ་ཧུ་དཱ་ཚོ་པ་ནས་ཧུ་རཱའི་བུ་ཨོའུ་རེལ་དེའི་བུ་པི་ཟིད་ཨེལ་གྱི་མིང་ནས་བོས་ཤིང་། 31 ཡང་ཁོ་ལ་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཁྱབ་པར་མཛད་དེ། ཁོ་ལ་ཤེས་རབ་དང་སྤྱང་གྲུང་ལྡན་ཞིང་། བློ་རིག་མངའ་བ་དང་། ལག་རྩལ་སྣ་ཚོགས་བྱང་ཆུབ་པར་བྱས། 32 དེ་ནི་ལག་རྩལ་གྱི་ལས་རྣམས་ཇུས་འགོད་བྱེད་པར་དམིགས་ཏེ། གསེར་དངུལ་ལི་གསུམ་གྱི་མགར་བྱེད་པ་དང་། 33 རིན་པོ་ཆེ་དག་བརྐོ་གཏུབ་བྱེད་པ་དང་ཕྲ་རྒྱག་པ། ཤིང་བརྐོ་བ། ལག་རྩལ་གྱི་ལས་སྣ་ཚོགས་བྱེད་པའི་ཕྱིར་ཡིན། 34 ཡང་པི་ཟིད་ཨེལ་དང་དཱན་གྱི་ཚོ་པ་ནས་ཨ་ཧི་སཱ་མག་གི་བུ་ཨོ་ཧོ་ལི་ཨབ་གཉིས་ཀ་ལ་མི་གཞན་པར་སློབ་སྟོན་བྱེད་པའི་སེམས་གནང་བ་དང་། 35 ཁོ་གཉིས་ཀྱིས་བརྐོ་བཟོ་དང་ཇུས་འགོད་བྱེད་པ་དང་། ཡང་བལ་སྐུད་མཐིང་ག་དང་རྒྱ་སྨུག་དང་མཚལ་དམར་གྱི་མདོག་ཅན་དང་། སོ་རས་སྲབ་བུའི་འཚེམ་དྲུབས་བྱེད་པ་དང་། ཐགས་འཐག་པ་དང་། ལས་ཀུན་བྱེད་ཅིང་ཇུས་འགོད་བྱེད་པའི་ཕྱིར་དཀོན་མཆོག་ཡ་ཝཱེས་དེ་གཉིས་ཀྱི་སེམས་ལ་རྩལ་གྱིས་ཁྱབ་པར་མཛད་ཅེས་སྨྲས་སོ། །