ལེའུ་སོ་བརྒྱད་པ།
མཆོད་ཁྲི་དང་གཞོང་པ་བཟོས་པའི་སྐོར།
ཡང་པི་ཟིད་ཨེལ་གྱིས་སེང་ལྡེང་ཤིང་གིས་སྦྱིན་སྲེག་གི་མཆོད་ཁྲི་བཟོས་ཤིང་། དེའི་རིང་ཚད་ནི་ཁྲུ་ལྔ་དང་ཞེང་ཚད་ནི་ཁྲུ་ལྔ་སྟེ་གྲུ་བཞི་མ་ཞིག་ཡིན་ཞིང་། མཐོ་ཚད་ནི་ཁྲུ་གསུམ་ཡིན། དེའི་ཟུར་བཞི་ལ་རུ་ཐུར་བཞི་བཟོས་པ་དང་། རུ་ཐུར་བཞི་ནི་མཆོད་ཁྲི་དང་གཅིག་པར་སྦྲེལ་ཞིང་། མཆོད་ཁྲི་ལི་ཡིས་གཡོགས་པ་རེད། ཡང་ཁོས་མཆོད་ཁྲིའི་གཞོང་པ་རྣམས་དང་མེ་ཁྱེམ་དང་། མཆོད་སྡེར་དང་ཤ་འཛིན་ཁ་དབྲག་དང་མེ་ཕོར་བཅས་བཟོས་ཤིང་། ཡོ་བྱད་དེ་ཐམས་ཅད་ལི་ཡིས་བཟོས། ཡང་རྒྱུ་ལི་ཡིན་པའི་ཐག་མིག་ཅིག་བཟོས་ཏེ། ཐག་མིག་ནི་མཆོད་ཁྲིའི་མུ་ཁྱུད་ཀྱི་འགབ་ལ་བཅུག་ཅིང་། མཆོད་ཁྲིའི་མཐོ་ཚད་ཀྱི་ཕྱེད་ཙམ་ལ་སླེབས་སུ་བཅུག་པ་དང་། ཐག་མིག་དེའི་གྲུ་ག་བཞི་ལ་ལི་ཡི་ཨ་ལོང་རེ་བླུགས་པ་དང་། དེ་དག་ནི་རྒྱུག་པ་གཉིས་བསྐོན་ས་ཡིན་པའི་ཕྱིར་རོ། ། ཁོས་སེང་ལྡེང་ཤིང་གིས་རྒྱུག་པ་བཟོས་ནས་དེ་གཉིས་ལི་ཡིས་གཡོགས་པ་དང་། རྒྱུག་པ་ནི་མཆོད་ཁྲིའི་ལོགས་གཉིས་ཀྱི་ཨ་ལོང་རྣམས་སུ་བརྒྱུས་ཤིང་མཆོད་ཁྲི་འཁུར་བའི་ཕྱིར་ཡིན་ལ། ཡང་པང་ལེབ་ཀྱིས་མཆོད་ཁྲི་བཟོས་ཤིང་། དེའི་ནང་སྟོང་པ་ཡིན་ནོ། །
ཡང་ཁོས་ལི་ཡི་གཞོང་པ་དང་དེའི་སྟེགས་བུ་བཟོས་ཤིང་། དེ་གཉིས་ནི་མཇལ་འཕྲད་གུར་མཆོག་གི་སྒོ་འགྲམ་ནས་ཞབས་ཕྱི་བྱེད་པའི་བུད་མེད་རྣམས་ཀྱི་མེ་ལོང་གིས་བཟོས་པའོ། །
ཁྱམས་ར་བཟོས་པའི་སྐོར།
དེ་ནས་ཁོས་ཁྱམས་ར་བཟོས་ཏེ། ལྷོ་ཕྱོགས་ཀྱི་ཁྱམས་ཡོལ་རྣམས་ནི་སོ་རས་སྲབ་བུ་བསྒྲིམས་པ་ཅན་གྱིས་བྱས་ཤིང་། དེའི་རིང་ཚད་ལ་ཁྲུ་བརྒྱ་ཡོད། 10 དེའི་ཀ་བ་ཉི་ཤུ་དང་དེ་དག་གི་ཞབས་ར་ཉི་ཤུ་ནི་ལི་ཡིས་བཟོས་པ་དང་། ཀ་བའི་ཀྱུ་རྣམས་དང་དེ་དག་གི་ཁ་ཐུར་རྣམས་དངུལ་གྱིས་བཟོས། 11 ཡང་བྱང་ཕྱོགས་ཀྱི་ཁྱམས་ཡོལ་རྣམས་ལ་ཡང་རིང་ཚད་ཁྲུ་བརྒྱ་ཡོད་ཅིང་། དེའི་ཀ་བ་ཉི་ཤུ་དང་དེ་དག་གི་ཞབས་ར་ཉི་ཤུ་ལི་ཡིས་བཟོས་པ་དང་། ཀ་བའི་ཀྱུ་དང་ཁ་ཐུར་རྣམས་དངུལ་གྱིས་བཟོས། 12 ཡང་ཁྱམས་རའི་ནུབ་ཕྱོགས་ཀྱི་ཡོལ་བ་རྣམས་ཀྱི་ཞེང་ཚད་ལ་ཁྲུ་ལྔ་བཅུ་ཡོད་ལ། དེར་ཀ་བ་བཅུ་དང་ཞབས་ར་བཅུ་བཟོས་ཤིང་། ཀ་བའི་ཀྱུ་དང་ཁ་ཐུར་རྣམས་དངུལ་གྱིས་བྱས་སོ། ། 13 ཤར་ཕྱོགས་ཀྱི་ཁྱམས་ཡོལ་གྱི་ཞེང་ལའང་ཁྲུ་ལྔ་བཅུ་ཡོད་པ་དང་། 14 སྒོའི་ལོགས་གཅིག་གི་ཡོལ་བ་ལ་ཁྲུ་བཅོ་ལྔ་དང་། དེ་ལ་ཀ་བ་གསུམ་དང་ཞབས་ར་གསུམ་ཡོད། 15 དེ་བཞིན་དུ་སྒོའི་ལོགས་ཅིག་ཤོས་དེ་ལའང་དེ་བཞིན་བྱས། ཁྱམས་རའི་སྒོའི་ལོགས་རེ་ལ་ཡོལ་བ་ཁྲུ་བཅོ་ལྔ་དང་། ཀ་བ་གསུམ་དང་། ཞབས་ར་གསུམ་ཡོད། 16 ཁྱམས་ཡོལ་ཐམས་ཅད་ཀྱི་རྒྱུ་ནི་སོ་རས་སྲབ་བུ་བསྒྲིམས་པ་ཅན་ཡིན། 17 ཀ་བ་རྣམས་ཀྱི་ཞབས་ར་རྣམས་ལི་དང་ཀ་བའི་ཀྱུ་རྣམས་དང་ཁ་ཐུར་རྣམས་ནི་དངུལ་དང་། ཀ་མགོ་རྣམས་ཀྱང་དངུལ་གྱིས་གཡོགས་ཤིང་། ཁྱམས་རའི་ཀ་བ་ཐམས་ཅད་ཀྱི་རྒྱུག་པ་རྣམས་ཀྱང་དངུལ་གྱིས་བཟོས་སོ། ། 18 ཁྱམས་རའི་སྒོ་ཡོལ་དེའི་རྒྱུ་ནི་བལ་སྐུད་མཐིང་ག་དང་རྒྱ་སྨུག་དང་མཚལ་དམར་དང་། སོ་རས་སྲབ་བུ་བསྒྲིམས་པ་ཅན་གྱིས་འཐག་མཁན་གྱི་ལས་བཞིན་བྱས་ཤིང་། དེའི་རིང་ཚད་ནི་ཁྲུ་ཉི་ཤུ་དང་མཐོ་ཚད་ལ་ཁྲུ་ལྔ་བཟོས་པ་དང་། མཐོ་ཚད་དེ་ནི་ཁྱམས་ཡོལ་རྣམས་དང་མཐུན། 19 དེའི་ཀ་བ་བཞི་དང་ཞབས་ར་བཞི་ནི་ལི་དང་། ཀ་བའི་ཀྱུ་དང་ཁ་ཐུར་རྣམས་ནི་དངུལ་གྱིས་བཟོས་ཤིང་། ཀ་མགོ་རྣམས་ནི་དངུལ་གྱིས་གཡོགས། 20 གུར་མཆོག་དང་ཁྱམས་རའི་མཐའ་འཁོར་གྱི་ཕུར་བ་ཐམས་ཅད་ལི་ཡིས་བཟོས་སོ། །
གུར་མཆོག་གི་རྒྱུ་ཆའི་སྐོར།
21 མོ་ཤེ་ཡིས་བཀའ་གནང་བ་བཞིན་དུ་ལེ་ཝི་པས་ཞབས་འདེགས་སྐོར་ལ་རྩིས་གྲངས་བླངས་ཤིང་། མཆོད་དཔོན་ཨ་རོན་གྱི་བུ་ཨི་ཐ་མཱཪ་གྱིས་རྩིས་ཐོར་བཀོད་པའི་གུར་མཆོག་གམ་དཔང་པོའི་གུར་མཆོག་གི་རྒྱུ་ཆའི་སྡོམ་ནི་འདི་ལྟར་ཏེ། 22 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཅི་གནང་བ་བཞིན་དུ་བཟོ་མཁན་པི་ཟིད་ཨེལ་ཡིན་ལ། ཁོ་ནི་ཨོའུ་རེལ་གྱི་བུ་ཡིན་ཞིང་། ཨོའུ་རེལ་ནི་ཡ་ཧུ་དཱ་ཚོ་པའི་ཧུ་རཱ་ཡི་བུ་ཡིན་པ་དང་། 23 དཱན་ཚོ་པའི་ཨ་ཧི་སཱ་མག་གི་བུ་ཨོ་ཧོ་ལི་ཨབ་ནི་པི་ཟིད་ཨེལ་གྱི་ལས་གྲོགས་ཡིན་ཞིང་། ཁོ་ནི་བརྐོ་བཟོ་དང་ལས་ཀ་བྱེད་པའི་ལག་རྩལ་ཅན་དང༌། བལ་སྐུད་མཐིང་ག་དང་རྒྱ་སྨུག་དང་མཚལ་དམར་དང་སོ་རས་སྲབ་བུའི་འཐག་བཟོ་པའང་ཡིན་ནོ། །
24 དེ་སྔར་ཕུལ་ཟིན་པའི་གསེར་ཐམས་ཅད་དེ། གནས་མཆོག་བཟོ་བའི་ལས་ཀུན་གྱི་ཕྱིར་གཡོབ་མཆོད་དུ་ཕུལ་བའི་གསེར་ནི་གནས་མཆོག་གི་སྲང་བཞིན་དུ་རྡོ་ཚད་ཉི་ཤུ་ཉེར་དགུ་དང་གསེར་སྲང་བདུན་བརྒྱ་སུམ་ཅུ་ཡིན། 25 མི་ཚོགས་ཀྱི་གྲངས་རྩིས་ལས་བྱུང་བའི་དངུལ་ནི་གནས་མཆོག་གི་སྲང་བཞིན་དུ་རྡོ་ཚད་བརྒྱ་དང་། དངུལ་སྲང་ཆིག་སྟོང་བདུན་བརྒྱ་བདུན་ཅུ་དོན་ལྔ་ཡིན། 26 མི་ཚོགས་ཀྱི་གྲངས་ཀ་རྩིས་པ་ལ་ལོ་ཉི་ཤུ་ཡན་གྱི་སྐྱེས་པའི་གྲངས་ནི་དྲུག་འབུམ་སུམ་སྟོང་ལྔ་བརྒྱ་ལྔ་བཅུ་ཡིན། དེ་རེ་རེ་ནས་དངུལ་ཁྲལ་པེ་ཁཱ་གཅིག་རེ་ཕུལ། པེ་ཁཱའི་ལྗིད་ཚད་ནི་གནས་མཆོག་གི་སྲང་བཞིན་གྱི་དངུལ་སྲང་ཕྱེད་ཀ་དང་འདྲ། 27 དངུལ་རྡོ་ཚད་བརྒྱ་ཡོད་པ་དེ་གནས་མཆོག་གི་ཞབས་ར་དང་ཡོལ་བའི་ཞབས་ར་རྣམས་བླུག་པའི་ཕྱིར་ཡིན་ཏེ། ཞབས་ར་བརྒྱ་ལ་རྡོ་ཚད་བརྒྱ། ཞབས་ར་རེ་ལ་རྡོ་ཚད་གཅིག་བཅས་སོ། ། 28 དངུལ་སྲང་ཆིག་སྟོང་བདུན་བརྒྱ་བདུན་ཅུ་དོན་ལྔ་དེ་ཡིས་ཀ་བའི་ཀྱུ་རྣམས་བཟོས་པ་དང་། ཀ་མགོ་རྣམས་གཡོགས་པ་དང་། ད་དུང་ཁ་ཐུར་རྣམས་ཀྱང་བཟོས་སོ། ། 29 ཡང་དེ་སྔར་གཡོབ་མཆོད་དུ་ཕུལ་ཟིན་པའི་ལི་སྟེ། རྡོ་ཚད་བདུན་ཅུ་དང་སྲང་ཉིས་སྟོང་བཞི་བརྒྱ་ཡོད། 30 དེ་ལས་མཇལ་འཕྲད་གུར་མཆོག་གི་སྒོའི་ཞབས་ར་རྣམས་དང་། ལི་ཡིན་པའི་མཆོད་ཁྲི་དང་། དེའི་ལི་ཡིན་པའི་ཐག་མིག་དང་མཆོད་ཁྲིའི་ཡོ་བྱད་ཐམས་ཅད་དང་། 31 ཕྱོགས་བཞི་ལ་བསྐོར་ཡོད་པའི་ཁྱམས་རའི་ཞབས་ར་རྣམས་དང་། ཁྱམས་སྒོའི་ཞབས་ར་རྣམས་དང་། གུར་མཆོག་གི་ཕུར་བ་ཐམས་ཅད་དང་ཕྱོགས་བཞི་ལ་བསྐོར་ཡོད་པའི་ཁྱམས་རའི་ཕུར་བ་ཐམས་ཅད་བཅས་བཟོས་སོ། །