༄༅།།འཇིག་རྟེན་ཁམས་བཀོད་པའི༌མདོ།
འཇིག་རྟེན་ཁམས་བཀོད་པའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར༌བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
འཇིག་རྟེན་ཁམས་བཀོད་པ་ཞེས་བྱ་བའི་གཞུང་གི་ལེའུ་དང་པོའི་ཚིག་རྐང་དང་པོའི་དུམ་བུ་དང་པོ་ནི་ཨིབ་རི་པའི་གཞུང་གི་མ་ཕྱི་ནས་གསུངས་པ་ལྟར་ཐོག་མ་ཞེས་པའི་དོན་ཡིན། བཀོད་པའི་གཞུང་འདི་ནི་དོན་དག་མང་པོ་ཞིག་གི་ཐོག་མའི་སྐོར་ཡིན་པར་གསུངས་ཡོད་དེ། དཔེར་ན། འཇིག་རྟེན་ཁམས་ཀྱི་ཐོག་མ་དང་། སྐྱེས་ཕོ་མོ་གཉིས་ཀྱི་ཐོག་མ། མིའི་རིགས་ཀྱི་སྡིག་པ་ཐོག་མ། དཀོན་མཆོག་གི་ཐར་པའི་ཞལ་བཞེས་དང་དགོངས་གཞི་ཐོག་མ་སོགས་ཀྱི་སྐོར་ཡིན།
ཡི་གེར་འགོད་མཁན་དང་འགོད་དུས།
ཡ་ཧུ་དཱ་པ་དང་མཱ་ཤི་ཀ་པ་རྣམས་ཀྱིས་འཇིག་རྟེན་ཁམས་བཀོད་པའི་གཞུང་འདི་ཡི་གེར་འགོད་མཁན་ནི་མོ་ཤེ་ཡིན་པར་མོས་མཐུན་གནང་ཡོད་པར་མ་ཟད། ཞལ་ཆད་རྙིང་པའི་ནང་གི་ཐོག་མའི་པོད་ལྔ་པོ་ལ་མོ་ཤེའི་གླེགས་བམ་ལྔ་ཞེས་ཀྱང་འབོད།
མོ་ཤེ་འཇིག་རྟེན་དུ་བཞུགས་པའི་དུས་རབས་དེའི་ལོ་རྒྱུས་ནི་རྒྱལ་རབས་དང་པོའི་ལེའུ་དྲུག་པའི་ཚིག་རྐང་དང་པོ་ལ་ཁུངས་གཏུགས་ན། རྒྱལ་པོ་སོ་ལོ་མོན་གྱིས་ཡེས་ར་ཨེལ་ལ་སྲིད་བསྐྱངས་པའི་ལོ་བཞི་པ་སྟེ། ཡེས་ར་ཨེལ་གྱི་མི་རྣམས་ཨེ་ཅིབ་ཡུལ་ནས་ཕྱིར་ཐོན་ནས་ལོ་བཞི་བརྒྱ་བརྒྱད་ཅུ་ལོན་པའི་རྗེས་ཡིན། དེ་ཡང་རྒྱལ་པོ་སོ་ལོ་མོན་གྱིས་སྲིད་བསྐྱངས་པའི་ལོ་བཞི་པ་ནི་སྤྱི་ལོ་སྔོན་གྱི་966ལོའི་ཡས་མས་ཡིན་པས། ཨེ་ཅིབ་ནས་ཐོན་པའི་དོན་རྐྱེན་དེ་སྤྱི་ལོ་སྔོན་གྱི་1446ལོའི་ཡས་མས་སུ་བྱུང་བ་ཐག་གིས་ཆོད། ཡང་ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཐོན་རྗེས་དབེན་སྟོང་དུ་ལོ་བཞི་བཅུའི་རིང་ལ་འཁྱམས་པ་དང་། དེ་ནི་སྤྱི་ལོ་སྔོན་གྱི་1446ལོ་ནས་1406ལོའི་བར་ཙམ་ཡིན། དུས་དེ་ནི་མོ་ཤེ་ཡིས་འཇིག་རྟེན་ཁམས་བཀོད་པའི་གཞུང་འདི་ཡི་གེར་བཀོད་པའི་ལོ་ཚིགས་ཡིན་པར་བཤད།
བརྗོད་སྙིང་དང་གསུང་འཕྲིན།
འཇིག་རྟེན་ཁམས་བཀོད་པ་ཞེས་བྱ་བའི་གཞུང་འདིའི་ནང་གི་གསུང་འཕྲིན་ནི་དོན་ཟབ་ཅིང་ཕུན་སུམ་ཚོགས་པ་ཞིག་ཡིན་མོད། འོན་ཀྱང་གཙོ་ཆེ་ཤོས་ནི་དཀོན་མཆོག་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་དང་། དཀོན་མཆོག་དང་མིའི་རིགས་བར་གྱི་འབྲེལ་བ། མི་དང་མིའི་བར་གྱི་འབྲེལ་བ་བཅས་བརྗོད་པའི་འབྲེལ་བའི་སྐོར་ཡིན། གཞུང་འདི་ལས་བདེན་པའི་དཀོན་མཆོག་གཅིག་པུ་ནི་འཇིག་རྟེན་སྣོད་བཅུད་མ་ལུས་པ་སྟེ། བྱ་དངོས་བཟང་ངན་ཇི་སྙེད་ཀུན་གྱི་བདག་པོ་ཡིན་པ་ནན་གྱིས་བརྗོད་ཡོད་པར་མ་ཟད། དཀོན་མཆོག་གིས་རང་ལ་བདམས་པའི་མི་རྣམས་ལ་བཞག་པའི་ཞལ་ཆད་དང་། ཁོང་གི་བྱམས་བརྩེ་དང་ཡིད་རྟོན་རུང་བའི་ཞལ་བཞེས་ཀྱི་ནང་དུ་ཇི་ལྟར་འཇུག་པའི་ལམ་ང་ཚོ་ལ་ངོ་སྤྲོད་གནང་ཡོད།
འཆར༌ཟིན།
1. བྱུང་བ་ཆེན་པོ་བཞིའི་བསྐལ་པ་ཡ་ཐོག་གི་ལོ་རྒྱུས། ༼1:1-11:32༽
ཀ འཇིག་རྟེན་ཁམས་དང་། མིའི་རིགས་ཀྱི་ཐོག་མ་ཨ་དམ་དང་ཧ་ཝཱ་གཉིས་ཀྱི་ལོ་རྒྱུས། ༼1:1-2:25༽
ཁ། མིའི་རིགས་སྡིག་པའི་ནང་དུ་ལྷུང་བ་དང་དེའི་མཇུག་འབྲས། ༼3:1-5:32༽
ག ཆུ་ལོག་ཆེན་པོ། ༼6:1-9:29༽
ང༌། མི་རིགས་རྣམས་སོ་སོར་བཀར་བའི་ལོ༌རྒྱུས། ༼10:1-11:32༽
2. ཡ་ཧུ་དཱའི་མེས་པོ་རྣམས་ཀྱི་མི་སྣ་རླབས་ཆེན་བཞིའི་ལོ་རྒྱུས། ༼12:1-50:26༽
ཀ ཨབ་ར་ཧམ་གྱི་སྐོར། ༼12:1-20:18༽
ཁ། ཨི་སཱག་གི་སྐོར། ༼21:1-26:35༽
ག ཡ་ཀོབ་ཀྱི་སྐོར། ༼27:1-37:1༽
ང༌། ཡོ་སེབ་ཀྱི་སྐོར། ༼37:2-50:26༽
ལེའུ་དང༌པོ།
དཀོན་མཆོག་གིས་འཇིག་རྟེན་ཁམས་བཀོད༌པ།
ཐོག་མར་དཀོན་མཆོག་གིས་ནམ་མཁའ་དང་ས་གཞི་*གསར་དུ་བཀོད་པ་ལགས༌སོ།། ས་གཞི་ནི་སྟོངས་ཤིང་གོ་རིམ་མེད་པ་དང་མཚོ་ཆེན་པོའི་ངོས་སུ་མུན་ནག་གིས་ཁེབས༌ཤིང༌། དཀོན་མཆོག་གི་ཐུགས་ཉིད་མཚོའི་ངོས་སུ་ཕར་ཚུར༌རྒྱུའོ།། དེ་ནས་དཀོན་མཆོག་གིས་འདི་སྐད༌དུ། འོད་ཡོད་པར་གྱུར་ཅིག་ཅེས་གསུངས་པ་དང་འོད་བྱུང༌ངོ༌།། ཁོང་གིས་འོད་ནི་ལེགས་པར་དགོངས་ཏེ་འོད་དང་མུན་པའི་དབྱེ་བ༌ཕྱེས་སོ།། ཁོང་གིས་འོད་ལ་ཉིན་མོ་ཞེས་བཏགས་པ༌དང༌། མུན་པར་མཚན་མོ་ཞེས་མིང་བཏགས༌སོ། །དེ་ནི་མཚན་མོ་དང་ཞོགས་པ་བྱུང་བའི་ཉིན་མཚན་དང༌པོའོ།།
དེ་ནས་ཡང་དཀོན་མཆོག་གིས་འདི་སྐད༌དུ། ཆུའི་བར་དུ་དབྱིངས་དང་ལྡན་པར་གྱུར་ནས་ཆུ་དང་ཆུའི་བར་མཚམས་ཕྱེས་ཤིག་ཅེས་གསུངས་པ༌དང༌། ཁོང་གིས་དབྱིངས་མཛད༌དེ། དབྱིངས་ཀྱི་གོང་དུ་ཡོད་པའི་ཆུ་དང་དབྱིངས་ཀྱི་འོག་ཏུ་ཡོད་པའི་ཆུ་གཉིས་སོ་སོར་ཕྱེས་ནས་དེ་བཞིན་དུ་བྱུང༌ངོ༌།། དཀོན་མཆོག་གིས་དབྱིངས་ཀྱི་མིང་ལ་ནམ་མཁའ་ཞེས་བཏགས༌སོ། །དེ་ནི་མཚན་མོ་དང་ཞོགས་པ་བྱུང་བའི་ཉིན་མཚན་གཉིས༌པའོ།།
དེ་ནས་ཡང་དཀོན་མཆོག་གིས་འདི་སྐད༌དུ། ནམ་མཁའི་འོག་ཏུ་ཡོད་པའི་ཆུ་རྣམས་གནས་གཅིག་ཏུ་འདུས་ཏེ་སྐམ་ས་མངོན་པར་གྱུར་ཅིག་ཅེས་གསུངས་པ་དང་དེ་བཞིན་དུ་བྱུང༌ངོ༌།། 10 དཀོན་མཆོག་གིས་སྐམ་སའི་མིང་ལ་ས་གཞི་ཞེས་བཏགས་པ༌དང༌། ཆུ་རྣམས་ལྷན་དུ་འདུས་པ་ལ་རྒྱ་མཚོ་ཞེས་མིང་བཏགས༌ཤིང༌། ཁོང་གིས་དེ་ནི་ལེགས་པར་དགོངས༌སོ།། 11 ཡང་དཀོན་མཆོག་གིས་འདི་སྐད༌དུ། ས་ལས་སྔོ་རིགས༌ཏེ། ས་བོན་བསྐྱེད་པའི་སྔོ་ཚལ༌དང༌། ས་བོན་ལྡན་པའི་ཤིང་འབྲས་བསྐྱེད་པའི་ལྗོན་ཤིང་ཐམས་ཅད་རང་རང་གི་རིགས་བཞིན་དུ་སྐྱེ་བར་གྱུར་ཅིག་ཅེས་གསུངས་པ་དང་དེ་བཞིན་དུ་བྱུང༌ངོ༌།། 12 དེ་ནས་ས་ལས་སྔོ་རིགས༌ཏེ། རང་རང་གི་རིགས་བཞིན་དུ་ས་བོན་བསྐྱེད་པའི་སྔོ་ཚལ༌དང༌། ས་བོན་ལྡན་པའི་ཤིང་འབྲས་བསྐྱེད་པའི་ལྗོན་ཤིང་ཐམས་ཅད་རང་རང་གི་རིགས་བཞིན་དུ་སྐྱེས་པར་གྱུར༌ཏོ། །ཁོང་གིས་དེ་ནི་ལེགས་པར་དགོངས༌སོ།། 13 དེ་ནི་མཚན་མོ་དང་ཞོགས་པ་བྱུང་བའི་ཉིན་མཚན་གསུམ༌པའོ།།
14 དེ་ནས་ཡང་དཀོན་མཆོག་གིས་འདི་སྐད༌དུ། ཉིན་མོ་དང་མཚན་མོ་འབྱེད་པའི་ཕྱིར་ནམ་མཁའི་དབྱིངས་སུ་འོད་ཀྱི་ཕུང་པོ་རྣམས་ཡོད་པར་གྱུར༌ཅིག དེ་ནི་དུས་ཚིགས༌དང༌། ཉིན༌མོ། ལོ་ཟླའི་རྟགས་སུ་འགྱུར་བ༌དང༌། 15 ནམ་མཁའི་དབྱིངས་སུ་འོད་འཕྲོ་བ་དང་ས་ལ་འོད་སྣང་བའི་ཕྱིར་རོ་ཞེས་གསུངས་པ་དང་དེ་བཞིན་དུ་བྱུང༌ངོ༌།། 16 དེ་ནས་ཁོང་གིས་འོད་ཆེན་པོ་གཉིས་མཛད༌ཅིང༌། དེ་ནི་འོད་ཆེན་པོས་ཉིན་མོ་ལ་དབང་བྱེད་པ༌དང༌། འོད་ཆུང་བས་མཚན་མོ་ལ་དབང་བྱེད་པའི་ཕྱིར་ཡིན༌ཞིང༌། ཡང་སྐར་མ་རྣམས་ཀྱང་མཛད༌དོ།། 17 ཁོང་གིས་འོད་དེ་གཉིས་ནམ་མཁའི་དབྱིངས་སུ་བཤམས་པར་མཛད༌དོ། །ཅིའི་ཕྱིར་ཞེ༌ན། དེ་གཉིས་ས་གཞི་ལ་སྣང་བར་བྱེད་པ༌དང༌། 18 ཉིན་དང་མཚན་ལའང་དབང་བྱེད་པར་འགྱུར་བ༌དང༌། འོད་དང་མུན་པ་འབྱེད་པའི་ཕྱིར༌རོ། །ཁོང་གིས་དེ་ནི་ལེགས་པར་དགོངས༌སོ།། 19 དེ་ནི་མཚན་མོ་དང་ཞོགས་པ་བྱུང་བའི་ཉིན་མཚན་བཞི༌པའོ།།
20 དེ་ནས་ཡང་དཀོན་མཆོག་གིས་འདི་སྐད༌དུ། ཆུའི་ནང་དུ་སྲོག་དང་ལྡན་པའི་སེམས་ཅན་ཧ་ཅང་མང་དུ་འབྱུང་བ༌དང༌། འདབ་ཆགས་རྣམས་ས་སྟེང་གི་བར་སྣང་དུ་ཕུར་ཅིག་ཅེས་གསུངས༌ཏེ། 21 ཁོང་གིས་ཆུ་ལ་གནས་པའི་སྲོག་ལྡན་ཆེན་པོ༌དང༌། ཆུའི་ནང་དུ་བྱུང་བའི་སྲོག༌ལྡན། འདབ་ཆགས་རྣམས་ཀྱང་རང་རང་གི་རིགས་བཞིན་དུ་བཀོད་པར་མཛད་ཅིང་ཁོང་གིས་དེ་ནི་ལེགས་པར་དགོངས༌སོ།། 22 ཡང་དཀོན་མཆོག་གིས་དེ་དག་ལ་བྱིན་གྱིས་བརླབས་ཏེ་འདི་སྐད༌དུ། རྒྱུད་དང་ལྡན་པར་གྱུར་ནས་མང་དུ་སྤེལ་ཏེ་རྒྱ་མཚོའི་ཆུ་ལ་གང་བར་གྱིས༌དང༌། འདབ་ཆགས་རྣམས་ཀྱང་ས་ལ་འཕེལ་བར་གྱུར་ཅིག་ཅེས་གསུངས༌སོ།། 23 དེ་ནི་མཚན་མོ་དང་ཞོགས་པ་བྱུང་བའི་ཉིན་མཚན་ལྔ༌པའོ།།
24 དེ་ནས་ཡང་དཀོན་མཆོག་གིས་འདི་སྐད༌དུ། ས་གཞིའི་སྟེང་དུ་རང་རང་གི་རིགས་བཞིན་དུ་སྲོག་ལྡན་ཏེ་ཕྱུགས་ཟོག༌དང༌། ལྟོ་འགྲོ་དང་འབུ༌སྲིན། རི་དྭགས་རྣམས་སྐྱེ་བར་གྱུར་ཅིག་ཅེས་གསུངས་པ་དང་དེ་བཞིན་དུ་བྱུང༌ངོ༌།། 25 དཀོན་མཆོག་གིས་རི་དྭགས༌དང༌། ཕྱུགས༌ཟོག ས་སྟེང་གི་ལྟོ་འགྲོ་དང་འབུ་སྲིན་ཐམས་ཅད་རང་རང་གི་རིགས་བཞིན་དུ་བཀོད་པར་མཛད༌ཅིང༌། དཀོན་མཆོག་གིས་དེ་ནི་ལེགས་པར་དགོངས༌སོ།།
26 དེ་ནས་ཡང་དཀོན་མཆོག་གིས་འདི་སྐད༌དུ། ངེད་ཅག་ གིས་རང་གི་སྣང་བརྙན༌ལྟར། ངེད་ཅག་དང་མཚུངས་པའི་མིའི་རིགས་བསྐྲུན་པར༌བྱའོ། །དེ་དག་གིས་རྒྱ་མཚོའི་ཉ་རྣམས༌དང༌། ནམ་མཁའི༌བྱ། ཕྱུགས༌ཟོག ས་གཞི༌ཡོངས། ས་སྟེང་གི་ལྟོ་འགྲོ་དང་འབུ་སྲིན་ཐམས་ཅད་ལ་དབང་བྱེད་པར་གྱུར་ཅིག་ཅེས་གསུངས༌སོ།། 27 དཀོན་མཆོག་གིས་རང་གི་སྣང་བརྙན་ལྟར་མིའི་རིགས་བསྐྲུན་པར་མཛད༌ཅིང༌། དེ་ནི་དཀོན་མཆོག་ཉིད་ཀྱི་སྣང་བརྙན་བཞིན་ཕོ་མོ་གཉིས་སུ་མཛད༌དོ།། 28 དཀོན་མཆོག་གིས་དེ་གཉིས་ལ་བྱིན་གྱིས་བརླབས་ཏེ་འདི་སྐད༌དུ། ཁྱོད་རྣམས་རྒྱུད་དང་ལྡན་པར་གྱུར་ནས་མང་དུ་སྤེལ་ཏེ་ས་གཞིར་གང་བར་བྱོས༌ཤིག ཡང་ས་གཞིར་དབང་བསྒྱུར་བ་དང་རྒྱ་མཚོའི་ཉ༌དང༌། ནམ་མཁའི༌བྱ། ས་ཐོག་ཏུ་རྒྱུ་བའི་སྲོག་ཆགས་ཀུན་ལའང་དབང་བྱེད་པར་གྱིས་ཞེས་གསུངས༌སོ།། 29 དེ་ནས་ཡང་དཀོན་མཆོག་གིས་འདི་སྐད༌དུ། ལྟོས༌དང༌། བདག་གིས་ས་སྟེང་དུ་ས་བོན་བསྐྱེད་པའི་སྔོ་ཚལ་དང་ས་བོན་ལྡན་པའི་ཤིང་འབྲས་བསྐྱེད་པའི་ལྗོན་ཤིང་ཐམས་ཅད་ཁྱོད་ཅག་ལ་ཟས་སུ་སྦྱིན་པ་ཡིན༌ནོ།། 30 ཡང་ས་སྟེང་གི་དུད་འགྲོ་ཐམས་ཅད༌དང༌། ནམ་མཁའི་བྱ་མཐའ་དག༌དང༌། ས་ཐོག་ཏུ་རྒྱུ་བའི་སྲོག་ལྡན་ཡོངས་ལ་སྔོ་རིགས་ཟས་སུ་སྦྱིན་ནོ་ཞེས་གསུངས་པ་དང་དེ་བཞིན་དུ་བྱུང༌ངོ༌།། 31 དེ་ནས་དཀོན་མཆོག་གིས་རང་ཉིད་ཀྱིས་ཇི་བཞིན་མཛད་པ་ཐམས་ཅད་ལ་གཟིགས་ཤིང་དེ་ནི་ཤིན་ཏུ་ལེགས་པར་དགོངས༌སོ། །དེ་ནི་མཚན་མོ་དང་ཞོགས་པ་བྱུང་བའི་ཉིན་མཚན་དྲུག༌པའོ།།
* ལེའུ་དང༌པོ།:1 ནམ་མཁའ་དང་ས་གཞི་ཞེས་པ་འདི་ནི་གནའ་བོའི་ཡ་ཧུ་དཱ་མི་རིགས་ཀྱི་ཡི་གེར་བཀོད་པའི་དམ་པའི་གསུང་རབ་ཀྱི་མ་ཕྱིའི་གོ་དོན་ལྟར༌ན། རང་ཅག་རྣམས་འཚོ་ཞིང་གནས་པའི་འཇིག་རྟེན་འདི་དང་དེ་ལས་གཞན་པའི་འཇིག་རྟེན་ཁམས་རྣམས་ཀྱང་འདུ་བར༌གསུངས། ལེའུ་དང༌པོ།:5 འདིར་ཉིན་མཚན་དང་པོ་ཞེས་པར་མ་ཕྱི་ལས་ཉིན་མཚན་གཅིག་ཅེས་མཐོང་། ལེའུ་དང༌པོ།:26 མ་ཕྱི་ལས་ངེད་ཅག་ཅེས་བྲིས་ཡོད་ཀྱང་དོན་ལ་དཀོན་མཆོག་ཁོ་ན་བསྟན༌ཏེ། ཁོང་ནི་རང་བཞིན་ཐུགས་ཉིད་ཡིན་ཞིང་ཐོག་མཐའ་མེད་པ་དང་བདེན་པའི་དཀོན་མཆོག་ཉིད༌ཡིན། དཀོན་མཆོག་གི་ངོ་བོ་གཅིག་ལ་རང་གཤིས་གསུམ་ཡོད༌ཅིང། དེ་དག་ནི་ཡབ་དཀོན་མཆོག༌དང༌། སྲས་དཀོན༌མཆོག དམ་པའི་ཐུགས་ཉིད་དཀོན་མཆོག་བཅས༌ཡིན་ལ། རང་གཤིས་གསུམ་པོ་ལྷན་གཅིག་ཏུ་བསྡུས་ན་དཀོན་མཆོག་གི་ངོ་བོ་ནི་གཅིག༌ཡིན།