ལེའུ་བཅུ་དྲུག༌པ།
སཱ་ར་ཡུ་དང་ཧ་གར་གཉིས་ཀྱི་སྐོར།
དེ་ཡང་ཨབ་རམ་གྱི་ཆུང་མ་སཱ་ར་ཡུ་ལ་བུ་དང་བུ་མོ་མ་སྐྱེས༌ཤིང༌། ཁོ་མོར་ཧ་གར་ཞེས་པའི་གཡོག་མོ་ཞིག་ཡོད༌ལ། ཁོ་མོ་ནི་ཨེ་ཅིབ་ཀྱི་མི༌ཡིན། དེ་ནས་སཱ་ར་ཡུ་ཡིས་ཨབ་རམ་ལ་འདི༌ལྟར། ལྟོས༌དང༌། དཀོན་མཆོག་ཡ་ཝཱེས་བདག་ལ་བུ་ཕྲུག་མི་སྐྱེ་བར་མཛད༌པས། ཁྱོད་བདག་གི་གཡོག་མོ་དང་ལུས་འབྲེལ་བྱེད་པར༌ཞུ། ཁོ་མོར་བརྟེན་ནས་བདག་ལ་བུ་ཕྲུག་ཡོད་ཀྱང་སྲིད་ཅེས་སྨྲས༌ཤིང༌། ཨབ་རམ་གྱིས་ཀྱང་སཱ་ར་ཡུའི་གཏམ་ལ་མཉན༌ཏོ།། དེ་ཡང་ཨབ་རམ་ནི་ཀ་ན་ཨན་ཡུལ་དུ་ལོ་བཅུར་བསྡད་པའི་རྗེས༌སུ། ཨབ་རམ་གྱི་ཆུང་མ་སཱ་ར་ཡུ་ཡིས་ཨེ་ཅིབ་ཀྱི་གཡོག་མོ་ཧ་གར་ཞེས་པ་རང་གི་ཁྱོ་ག་ལ་ཆུན་མར་ལེན་དུ་བཅུག༌གོ །
དེ་ནས་ཨབ་རམ་དང་ཧ་གར་གཉིས་ལུས་འབྲེལ་བྱས་པས་ཧ་གར་ལ་མངལ་ཆགས་པ༌དང༌། ཧ་གར་གྱིས་རང་ལ་མངལ་སྦྲུམ་པ་ཤེས༌རྗེས། རང་གི་བདག་མོར་མཐོང་ཆུང་བྱས༌སོ།། སཱ་ར་ཡུ་ཡིས་ཨབ་རམ་ལ་འདི་ལྟར་སྨྲས་པ༌སྟེ། ཁྱོད་ཀྱི་རྐྱེན་གྱིས་བདག་ལ་མ་ཉེས་ཁག་གཡོགས་ཐེབས་པ༌སྟེ། བདག་གིས་རང་གི་གཡོག་མོ་ཁྱོད་ཀྱི་པང་ཁར་གཏད༌ཅིང༌། ཁོ་མོས་རང་ལ་མངལ་སྦྲུམ་པ་ཤེས་རྗེས་ང་ལ་མཐོང་ཆུང་བྱེད༌དོ། །ཀྱེ། དཀོན་མཆོག་ཡ་ཝཱེས་ངེད་གཉིས་བར་དུ་ལེགས་ཉེས་ཀྱི་ཤན་འབྱེད་པར་སྨོན་ཞེས༌པའོ།། དེ་ནས་ཨབ་རམ་གྱིས་སཱ་ར་ཡུ་ལ་འདི་སྐད༌དུ། གཡོག་མོ་ནི་ཁྱོད་ཀྱི་དབང་འོག་ཏུ་ཡོད༌པས། ཁྱོད་ཀྱིས་ཁོ་མོར་ཇི་ལྟར་བྱས་ཀྱང་རུང་ཞེས་སྨྲས༌སོ། །དེ་ནས་སཱ་ར་ཡུ་ཡིས་ཧ་གར་ལ་མནར་གཅོད་བྱས་པས་ཧ་གར་ཁོ་མོའི་མདུན་ནས་བྲོས༌སོ།།
དེ་ཡང་དཀོན་མཆོག་ཡ་ཝཱེའི་ཕོ་ཉ་དབེན་སྟོང་གི་ཆུ་མིག་དྲུང་དུ་གཡོག་མོ་ཧ་གར་དང་ཕྲད་ཅིང༌། དབེན་སྟོང་དེ་ནི་ཤུར་ཞེས་པའི་ཡུལ་གྱི་ལམ་བར་དུ་ཡོད་པ༌རེད། དེ་ནས་ཕོ་ཉས་འདི་སྐད༌དུ། སཱ་ར་ཡུའི་གཡོག་མོ་ཧ་གར་ཁྱོད་གང་ནས་འོངས་པ་དང་གང་དུ་འགྲོའམ་ཞེས་དྲིས་པ༌ལ། ཧ་གར་ན༌རེ། ང་ནི་རང་གི་བདག་མོ་སཱ་ར་ཡུའི་མདུན་ནས་བྲོས་ཡོང་བ་ཡིན་ཞེས༌སྨྲས། དེ་ནས་དཀོན་མཆོག་ཡ་ཝཱེའི་ཕོ་ཉས་ཁོ་མོ་ལ་འདི་སྐད༌དུ། ཁྱོད་ཕྱིར་རང་གི་བདག་མོའི་དྲུང་དུ་སོང་སྟེ་ཁོ་མོའི་དབང་འོག་ཏུ་སྡོད་ཅིག་ཅེས་གསུངས༌སོ།། 10 ཡང་འདི་སྐད༌དུ། བདག་གིས་ཁྱོད་ཀྱི་རིགས་རྒྱུད་མང་དུ་སྤེལ་ནས་བགྲང་གིས་མི་ལང་བར་བྱའོ་ཞེས༌དང༌། 11 ཡང་འདི་སྐད༌དུ།
ལྟོས་དང་ཁྱོད་ཀྱི་མངལ་དུ་སྦྲུམ་པར་བུ་སྐྱེས༌ཏེ།།
ཡ་ཝཱེས་ཁྱོད་ཀྱི་སྐྱོ་སྡུག་རྟོགས་པའི་རྐྱེན་གྱིས༌ནི།།
བུ་ཡི་མིང་ལ་ཡེས་མ་ཨེལ་ཞེས་འདོགས་པར༌གྱིས།།
12 བུ་དེ་ངེས་པར་བོང་བུ་ཇི་བཞིན་ཨུ་ཚུགས༌ཀྱིས།།
མི་རྣམས་ཀུན་ལ་དགག་ཅིང་རྒོལ་བར་འགྱུར་བ༌དང༌།།
མི་རྣམས་ཀྱིས་ཀྱང་བུ་དེར་དགག་ཅིང་རྒོལ་བར༌འགྱུར།།
བུ་དེ་རང་གི་སྤུན་ཟླའི་ཤར་དུ་སྡོད་པར༌འགྱུར། །ཞེས་གསུངས༌སོ།།
13 དེ་ནས་ཧ་གར་གྱིས་རང་ལ་བཀའ་གསུང་མཁན་དཀོན་མཆོག་ཡ་ཝཱེའི་མཚན་ལ་ཁྱེད་ནི་ང་རང་གཟིགས་པའི་དཀོན་མཆོག་ཡིན་ཞེས་བཏགས༌སོ། །ཅིའི་ཕྱིར་ཞེ༌ན། དེ་སྔར་ཁོ་མོ་ན༌རེ། ངས་གནས་འདི་རུ་ང་རང་མཐོང་བའི་དཀོན་མཆོག་མཇལ་ནུས་སམ་ཞེས་སྨྲས་པའི་ཕྱིར༌རོ།། 14 དེ་བས་ཆུ་མིག་དེའི་མིང་ལ་པེར་ལཱ་ཧེད་རོའུ་ཞེས་བཏགས་ཤིང་དེ་ནི་ཀཱ་དེའེ་ཤཱ་དང་པེ་རཱད་ཅེས་པའི་ཡུལ་གཉིས་བར་དུ་མཆིས༌སོ།།
15 ཕྱིས་སུ་ཧ་གར་གྱིས་ཨབ་རམ་ལ་བུ་ཞིག་བཙས༌ཤིང༌། ཨབ་རམ་གྱིས་བུའི་མིང་ལ་ཡེས་མ་ཨེལ་ཞེས༌བཏགས། 16 ཧ་གར་གྱིས་ཨབ་རམ་ལ་བུ་ཡེས་མ་ཨེལ་བཙའ་བའི་དུས༌སུ། ཨབ་རམ་དགུང་ལོ་གྱ་དྲུག་ཡིན༌ནོ།།