ལེའུ་བཅུ་དགུ༌པ།
སཱ་དོམ་དང་གཱ་མོ་ར་གྲོང་ཁྱེར་གཉིས་མེད་པར་མཛད༌པ།
དེ་ཡང་མཚན་མོའི་དུས་སུ་ཕོ་ཉ་དེ་གཉིས་སཱ་དོམ་དུ༌སླེབས། སྐབས་དེར་ལོད་ཐུ་ནི་སཱ་དོམ་གྱི་མཁར་སྒོར་སྡོད༌ཅིང༌། ཕོ་ཉ་གཉིས་ཕེབས་པ་མཐོང་སྟེ་ཡར་ལངས་ནས་བསུ་བ་བྱས་པ་དང་ཕྱག་བཙལ་ཏེ་ན༌རེ། ཀྱེ། བདག་གི་ཇོ་བོ༌ལགས། ཁྱེད་གཉིས་རང་གི་ཞབས་ཕྱི་པ་བདག་གི་ཁྱིམ་དུ་ཕེབས་ཏེ་རྐང་པ་བཀྲུས་ནས་ཞག་གཅིག་ལ་བཞུགས༌རྗེས། སང་ཉིན་ཞོགས་པ་ཡར་བཞེངས་ནས་ཕེབས་པར་མཛོད་ཅེས་ཞུས་པ༌ལ། ཁོང་གཉིས་ཀྱིས་འདི་སྐད༌དུ། མིན་ཏེ། ངེད་གཉིས་ཁྲོམ་སྲང་དུ་ཞག་སྡོད་བྱ་ཞེས་གསུངས༌སོ།། དེ་ནས་ལོད་ཐུ་ཡིས་གུས་གུས་ཞུམ་ཞུམ་ངང་གདན་འདྲེན་ཡང་ཡང་ཞུས་པ༌ན། ཕོ་ཉ་གཉིས་པོ་ད་གཟོད་ཁོའི་ཁྱིམ་དུ་ཕེབས་པ༌རེད། ལོད་ཐུ་ཡིས་ཕོ་ཉ་གཉིས་ལ་གསོལ་སྟོན་སྟ་གོན་བྱས་ཤིང་སྐྱུར་མེད་བག་ལེབ་བསྲེགས་པ་དང་ཁོང་རྣམས་ཀྱིས་ཞལ་ཟས་བཞེས༌སོ།། དེ་ཡང་ཁོང་རྣམས་མལ་དུ་མ་གཟིམ་པའི་སྐབས༌སུ། སཱ་དོམ་གྲོང་ཁྱེར་གྱི་གནས་སོ་སོའི་སྐྱེས་པ་རྒན་གཞོན་ཐམས་ཅད་ཡོང་ནས་ལོད་ཐུ་ཡི་ཁང་པའི་མཐའ་བསྐོར༌ཞིང༌། ལོད་ཐུའི་མིང་ནས་བོས་ཏེ་ན༌རེ། དོ་དགོང་ཁྱོད་ཚང་ལ་ཡོང་བའི་མི་དེ་གཉིས་གང་དུ༌ཡོད། ངེད་ཅག་མི་དེ་གཉིས་དང་འགྲོགས་འདོད་ *པས། སྒོའི་ཕྱི་རོལ་ཏུ་ཁྲིད་ཤོག་ཅེས་འུར་བརྒྱབ༌བོ།། དེ་ནས་ལོད་ཐུ་ཁང་པ་ལས་ཕྱིར་ཐོན༌ཞིང༌། སླར་ཡང་ཁང་པའི་སྒོ་བརྒྱབ་ནས་མི་ཚོགས་ཀྱི་མདུན་དུ་སོང་སྟེ་ན༌རེ། ཀྱེ། བདག་གི་སྤུན་ཟླ༌རྣམས། ཁྱོད་ཅག་གིས་དོན་ངན་འདི་བསྒྲུབ་པར་མི༌བྱའོ།། བདག་ལ་སྐྱེས་པར་འགྲོགས་མ་མྱོང་བའི་བུ་མོ་གཉིས་ཡོད༌དེ། ད་ལྟ་བདག་གིས་ཁོ་མོ་གཉིས་ཁྲིད་ཡོང་ནས་ཁྱོད་ཅག་གི་འདོད་པ་བཞིན་བྱེད་དུ་འཇུག༌གོ །མི་གཞན་གཉིས་པོ་བདག་གི་ཁྱིམ་དུ་ཡོད༌ན། ཁྱོད་ཅག་གིས་ཁོ་གཉིས་ལ་ཅི་ཡང་མི་བྱེད་པར་མཛོད་ཅེས་སྨྲས༌སོ།། མི་ཚོགས་ན༌རེ། ཁྱོད་ཕར་སོང་ཞིག་ཅེས་སྨྲས་པ༌དང༌། ཡང་མི་ཚོགས་ན༌རེ། ཁྱོད་ནི་ཕྱི་མི་ཡིན༌ལ། ད་དུང་ཁྲིམས་དཔོན་གྱི་གོ་ས་འཛིན་འདོད༌དམ། ད་ལྟ་ངེད་རྣམས་ཀྱིས་མི་དེ་གཉིས་ལས་ཀྱང་ཁྱོད་ལ་གནོད་འཚེ་ཆེན་པོ་བྱེད་ངེས་ཡིན་ཞེས་འུར་རྒྱག་བཞིན་ལོད་ཐུ་ཕར་དེད་ནས་སྒོ་གཅོག་རྩིས༌བྱས། 10 འོན༌ཀྱང༌། སྐབས་དེར་ཕོ་ཉ་གཉིས་ཀྱིས་ཕྱག་བསྲིངས་ནས་ལོད་ཐུ་ཁང་པའི་ནང་དུ་འཐེན་པ་དང་སྒོ་བརྒྱབ་པར་མ༌ཟད། 11 སྒོའི་ཕྱི་རོལ་ཏུ་ཡོད་པའི་མི་ཚོགས་རྒན་གཞོན་རྣམས་ལ་མིག་འཁྲུལ་བྱུང་དུ་བཅུག༌པས། དེ་རྣམས་ཀྱིས་ལག་སྙོབ་བྱས་ཀྱང་སྒོ་མ་རྙེད༌དོ།། 12 དེ་ནས་ཕོ་ཉ་གཉིས་ཀྱིས་ལོད་ཐུ་ལ་འདི་སྐད༌དུ། ཁྱོད་ཀྱི་ཡུལ་འདི་རུ་མི་གཞན་སུ་ཡོད༌དམ། མག་པ༌དང༌། བུ་དང་བུ༌མོ། ཁྱོད་ལ་གཏོགས་པའི་གྲོང་ཁྱེར་ནང་གི་མི་ཐམས་ཅད་སུ་ཡིན་ཡང་གནས་འདི་ནས་ཕྱི་རུ་ཁྲིད༌ཅིག 13 ངེད་གཉིས་ཀྱིས་ས་ཆ་འདི་མྱུར་དུ་མེད་པར༌བཟོའོ། །ཅིའི་ཕྱིར་ཞེ༌ན། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་གྲོང་ཁྱེར་ནང་གི་ནག་ཉེས་ཀྱི་གྲགས་སྐད་ཆེ་བའི་ཕྱིར༌རོ། །དེ་བས་དཀོན་མཆོག་ཡ་ཝཱེས་ངེད་གཉིས་ས་ཆ་འདི་མེད་པར་གཏོང་བའི་ཆེད་དུ་མངགས་པ་ཡིན་ཞེས་གསུངས༌སོ།། 14 དེ་ནས་ལོད་ཐུ་སྒོའི་ཕྱི་རུ་སོང་ནས་ཁོ་ཚང་གི་མག་པར་འགྱུར་ངེས་པ་གཉིས༌ལ། ཁྱོད་རྣམས་ཡར་ལངས་ནས་ས་ཆ་འདི་དང་ཁ་འབྲལ་བར་གྱུར༌ཅིག རྒྱུ་མཚན་ནི་དཀོན་མཆོག་ཡ་ཝཱེས་གྲོང་ཁྱེར་འདི་མེད་པར་བཟོ་བའི་ཕྱིར་ཡིན་ཞེས་སྨྲས༌ཀྱང༌། ཁོའི་མག་པར་འགྱུར་ངེས་པ་རྣམས་ཀྱིས་ལོད་ཐུས་ཀུ་རེ་སྨྲས་པར་བསམས་སོ།།
15 དེ་ནས་ནམ་ལངས་པ༌དང༌། ཕོ་ཉ་གཉིས་ཀྱིས་ལོད་ཐུ་ལ་ནན་སྐུལ་གྱིས་འདི་སྐད༌དུ། ཡར་ལོངས༌དང༌། གནས་འདི་ནས་རང་གི་ཆུང་མ་དང་བུ་མོ་གཉིས་ཀ་ཁྲིད་དེ་སོང༌ཞིག ཅིའི་ཕྱིར་ཞེ༌ན། ཁྱོད་གྲོང་ཁྱེར་འདིའི་ཉེས་ཆད་དང་མཉམ་དུ་མེད་པར་མི་གཏོང་བའི་ཕྱིར་ཡིན་ཞེས་གསུངས༌ནའང༌། 16 ལོད་ཐུ་ཐེ་ཚོམ་སྐྱེས་ཏེ་མྱུར་དུ་མ་སོང༌ངོ༌། །དེ་ཡང་དཀོན་མཆོག་ཡ་ཝཱེས་ལོད་ཐུ་ལ་ཐུགས་རྗེ་དགོངས་པའི༌ཕྱིར། ཕོ་ཉ་གཉིས་ཀྱིས་ཁོ་དང་ཁོའི་ཆུང་མ་དང་བུ་མོ་གཉིས་ཀྱི་ལག་པར་འཇུས་ནས་ཁོ་རྣམས་ཕྱི་རུ་ཁྲིད༌ཅིང༌། གྲོང་ཁྱེར་ཕྱི་རོལ་ཏུ་བདེ་བར་བཀོད་པ༌དང༌། 17 ཁོ་རྣམས་ཕྱིར་ཁྲིད་པའི་རྗེས༌སུ། ཕོ་ཉ་གཉིས་ཀྱིས་འདི་སྐད༌དུ། ཁྱོད་རྣམས་སྲོག་ཐར་བའི་ཕྱིར་ཕྲོས༌ཤིག ཁ་ཕྱིར་མི་འཁོར་བར༌གྱིས། ཡུལ་འཁོར་དུ་ཡང་མི་སྡོད་པར་རི་ཁྲོད་དུ་ཕྲོས༌ཤིག དེ་ལྟར་མ་བྱས་ན་ཁྱོད་རྣམས་མེད་པར་འགྱུར་ངེས་ཡིན་ཞེས་གསུངས༌སོ།། 18 དེ་ནས་ལོད་ཐུ་ན༌རེ། བདག་གི་ཇོ་བོ༌ལགས། དེ་ལྟར་མི་བྱེད་པར༌མཛོད། 19 ཁྱེད་ཀྱི་ཞབས་ཕྱི་པ་ལ་ཁྱེད་ཀྱི་སྤྱན་དྲུང་ནས་ཐུགས་རྗེ་ཐོབ་ཟིན་པ༌དང༌། ཁྱེད་ཀྱིས་བདག་ལ་སྙིང་རྗེ་ཆེན་པོའང་མངོན་པར་གྱུར་ནས་བདག་གི་སྲོག་བསྐྱབས༌སོ། །འོན༌ཀྱང༌། བདག་ནི་རི་ཁྲོད་དུ་འབྲོ་མི་ཐུབ༌སྟེ། ཆག་སྒོ་འདི་བདག་གི་ལུས་སྟེང་དུ་བྱུང་ནས་ང་རང་འཆི་བར༌འགྱུར། 20 གཟིགས་དང༌། ཕ་གིའི་གྲོང་རྡལ་དེ་ནི་ཆུང་བ༌དང༌། བདག་དང་བར་ཐག་ཀྱང་ཉེ་བས་འབྲོ་སླ་བ༌ཡིན། གྲོང་རྡལ་དེ་ཆུང་བ་མ་ཡིན༌ནམ། བདག་གི་སྲོག་སྐྱོབ་པའི༌ཕྱིར་ཁྱེད་ཀྱིས་བདག་གྲོང་རྡལ་དེར་འབྲོ་རུ་འཇུག་པར་མཛོད་ཅེས་ཞུས༌སོ།། 21 དེ་ནས་ཕོ་ཉས་འདི་སྐད༌དུ། བདག་གིས་དོན་འདི་ཁྱོད་ལ་ཁས་བླངས་པ༌དང༌། བདག་གིས་ཁྱོད་ཀྱིས་སྨྲས་པའི་གྲོང་རྡལ་དེ་མེད་པར་མི་གཏོང༌ངོ༌།། 22 ཁྱོད་རང་མྱུར་བ་མྱུར་དུ་གྲོང་རྡལ་དེར་ཕྲོས༌ཤིག ཅིའི་ཕྱིར་ཞེ༌ན། ཁྱོད་གྲོང་རྡལ་དེ་ལ་སླེབས་པའི་བར་དུ་བདག་གིས་ཅི་ཡང་བྱ་མི་ནུས་པའི་ཕྱིར་ཡིན་ཞེས་གསུངས༌སོ། །དེ་བས་གྲོང་རྡལ་དེའི་མིང་ལ་ཚོ་ཨར་ཞེས་ཟེར༌རོ།།
23 དེ་ནས་ལོད་ཐུ་ཁོ་རང་ཚོ་ཨར་དུ་སླེབས་དུས་ས་གཞིར་ཉི་མ༌ཤར། 24 སྐབས༌དེར། དཀོན་མཆོག་ཡ་ཝཱེས་ནམ་མཁའ་ནས་མེ་དང་མུ་ཟིའི་ཆར་བ་འབབ་ཏུ་བཅུག༌སྟེ། སཱ་དོམ་དང་གཱ་མོ་ར༌དང༌། 25 གྲོང་ཁྱེར་དེ་དག་དང་ཡུལ་འཁོར་ཐམས་ཅད༌དང༌། གྲོང་ཁྱེར་ནང་གི་མི་རྣམས༌དང༌། ས་ལས་སྐྱེས་པ་ཐམས་ཅད་ཀྱང་མེད་པར་བཏང༌ངོ༌།། 26 དེ་ནས་ལོད་ཐུའི་ཆུང་མས་ཁ་ཕྱིར་འཁོར་ནས་བལྟས་མ་ཐག་ཁོ་མོ་ལན་ཚྭའི་ཀ་བ་ཞིག་ཏུ་གྱུར༌ཏོ།། 27 ཞོགས་པར་ཨབ་ར་ཧམ་ཡར་ལངས༌ཏེ། ཁོ་རང་དེ་སྔོན་དཀོན་མཆོག་ཡ་ཝཱེའི་མདུན་དྲུང་དུ་ལངས་ནས་བསྡད་མྱོང་བའི་གནས་དེར་སོང༌སྟེ། 28 སཱ་དོམ་དང་གཱ་མོ་ར་གཉིས༌དང༌། ཡུལ་འཁོར་ཐམས་ཅད་ཀྱི་ཕྱོགས་སུ་གཟིགས་པ༌ན། ཡུལ་དེ་དག་ལས་དུ་བ་འཕྱུར༌ཞིང༌། མེ་ཐབ་ལས་དུ་བ་འཕྱུར་བ་དང་མཚུངས༌སོ།། 29 དེ་ཡང་དཀོན་མཆོག་གིས་ཡུལ་འཁོར་གྱི་གྲོང་ཁྱེར་ཐམས་ཅད་རྡུལ་དུ་བརླག་པ་དང་ལོད་ཐུ་སྡོད་སའི་གྲོང་ཁྱེར་དེའང་མེད་པར་བཟོ་བའི་དུས༌སུ། ཁོང་གིས་ཨབ་ར་ཧམ་ཐུགས་ལ་དགོངས་ཏེ་ལོད་ཐུའང་གྲོང་ཁྱེར་དེ་ལས་ཕྱི་རུ་ཁྲིད་པར་མཛད༌དོ།།
ལོད་ཐུ་དང་ཁོའི་བུ་མོ་རྣམས་ཀྱི༌སྐོར།
30 དེ་ཡང་ལོད་ཐུ་ཁོ་རང་ཚོ་ཨར་གྲོང་རྡལ་དུ་སྡོད་པར་འཇིགས༌པས། རང་གི་བུ་མོ་གཉིས་ཀ་ཁྲིད་ཅིང་ཚོ་ཨར་དང་ཁ་བྲལ་ཏེ་རི་ཁྲོད་དུ་སོང་ནས་ཁོ་རྣམས་བྲག་ཁུང་ཞིག་ལ་མཉམ་དུ༌བསྡད། 31 དེ་ནས་བུ་མོ་ཆེ་བས་བུ་མོ་ཆུང་བར་ན༌རེ། ངེད་གཉིས་ཀྱི་ཕ་ལོ་ན་རྒས༌ཤིང༌། ཡུལ་འདི་རུ་འཇིག་རྟེན་གྱི་ལུགས་སྲོལ་བཞིན་ངེད་གཉིས་དང་འགྲོགས་མཁན་མེད༌པས། 32 ཤོག༌དང༌། ངེད་གཉིས་ཀྱིས་རང་གི་ཕ་ལ་རྒུན་ཆང་འདྲེན་པ༌དང༌། ཁོ་དང་འགྲོགས་པར༌བྱའོ། །དེ་ལྟར་བྱས༌ན། ངེད་གཉིས་ལ་ཕ་ལས་རིགས་རྒྱུད་ལྡན་པར་འགྱུར་ཞེས་སྨྲས༌སོ།། 33 དེའི༌ཕྱིར། མཚན་མོ་དེར་ཁོ་མོ་གཉིས་ཀྱིས་ཕ་ལ་རྒུན་ཆང་དྲངས་པ༌དང༌། ཐོག་མར་བུ་མོ་ཆེ་བ་སོང་ནས་ཕ་དང་ལུས་འབྲེལ༌བྱས། འོན༌ཀྱང༌། ཁོ་མོ་ག་དུས་ཉལ་བ༌དང༌། དུས་ནམ་ཞིག་ཡར་ལངས་པ་སོགས་ཕ་ཡིས་ཅི་ཡང་མ་ཤེས༌སོ།། 34 དེའི་ཕྱི༌ཉིན། བུ་མོ་ཆེ་བས་བུ་མོ་ཆུང་བར་ན༌རེ། མདང་ནུབ་བདག་ཕ་དང་འགྲོགས༌ཤིང༌། དོ་དགོང་ཡང་ངེད་གཉིས་ཀྱིས་ཕ་ལ་རྒུན་ཆང་འདྲེན་པ༌དང༌། ཁྱོད་ཕ་དང་འགྲོགས་པར༌བྱའོ། །དེ་ལྟར་བྱས༌ན། ངེད་གཉིས་ལ་ཕ་ལས་རིགས་རྒྱུད་ཡོད་པར་འགྱུར་ཞེས་སྨྲས༌སོ།། 35 དེའི༌ཕྱིར། མཚན་མོ་དེར་ཡང་ཁོ་མོ་གཉིས་ཀྱིས་ཕ་ལ་རྒུན་ཆང་དྲངས་པ༌དང༌། བུ་མོ་ཆུང་བ་ཡར་ལངས་ནས་ཕ་དང་ལུས་འབྲེལ་བྱས༌སོ། །འོན༌ཀྱང༌། ཁོ་མོ་ག་དུས་ཉལ་བ༌དང༌། དུས་ནམ་ཞིག་ཡར་ལངས་པ་སོགས་ཕ་ཡིས་ཅི་ཡང་མ་ཤེས༌སོ།། 36 དེ་ལྟར་ལོད་ཐུའི་བུ་མོ་གཉིས་ལ་རང་གི་ཕ་ལས་མངལ་སྦྲུམ་པར༌གྱུར། 37 དེ་ཡང་བུ་མོ་ཆེ་བར་བུ་ཞིག་སྐྱེས་ཤིང་མིང་ལ་མོ་ཨབ་ཅེས་བཏགས་པ༌དང༌། དེ་ནི་དེང་དུས་ཀྱི་མོ་ཨབ་མི་རིགས་ཀྱི་མེས་པོ་ཡིན༌ལ། 38 བུ་མོ་ཆུང་བས་ཀྱང་བུ་ཞིག་བཙས་ཤིང་མིང་ལ་པེན་ཨ་མེ་ཞེས་བཏགས་པ༌དང༌། དེ་ནི་དེང་དུས་ཀྱི་ཨམ་མོན་མི་རིགས་ཀྱི་མེས་པོ་ཡིན༌ནོ།།
* ལེའུ་བཅུ་དགུ༌པ།:5 འདིར་འགྲོགས་འདོད་ཅེས་པ་ནི་ཤིན་ཏུ་སྐྱུག་བྲོ་བའི་ལས་ཤིག་ལ་གོ་དགོས༌ཏེ། ཕོ་ཡིས་ཕོ་དང་མོ་ཡིས་མོ་ལ་འཁྲིག་པ་སྤྱོད་པའི་སྲོལ་ངན་ཞིག་དར་ཡོད་པ་དེ་ལ་གོ་དགོས་པ༌ཡིན། དམ་པའི་གསུང་རབ་ཀྱི་ནང་དུ་ལས་དེ་ལྟ་བུ་ནི་སྡིག་པ་ཡིན་པར༌གསུངས།