ལེའུ་ཉེར་གཅིག༌པ།
སཱ་ར་ལ་བུ་ཞིག་སྐྱེས༌པ།
དེ་ཡང་དཀོན་མཆོག་ཡ་ཝཱེས་དེ་སྔར་ཞལ་བཞེས་གནང་བ་བཞིན་སཱ་ར་ལ་ཐུགས་རྗེ་གནང་བ་དང་དེ་བཞིན་དུ་འགྲུབ་པར་མཛད༌དོ།། དེ་ནས་ཨབ་ར་ཧམ་དགུང་ལོ་བགྲེས་པའི་དུས་སུ་སཱ་ར་ལ་མངལ་སྦྲུམ་པ༌དང༌། དཀོན་མཆོག་གིས་གསུངས་པའི་དུས་དེར་ཨབ་ར་ཧམ་ལ་བུ་ཞིག༌སྐྱེས། ཨབ་ར་ཧམ་གྱིས་སཱ་ར་ལས་ཐོབ་པའི་བུ་དེའི་མིང་ལ་ཨི་སཱག་ཅེས་བཏགས༌སོ།། བུ་སྐྱེས་ནས་ཉིན་བརྒྱད་པ༌ལ། དཀོན་མཆོག་གིས་བཀའ་གནང་བ་བཞིན་ཨབ་ར་ཧམ་གྱིས་བུའི་མཚན་སྐྱི་བཅད༌དོ།། བུ་ཨི་སཱག་སྐྱེས་པའི་དུས༌སུ། ཨབ་ར་ཧམ་དགུང་ལོ་བརྒྱ་ཐམ་པ་ཡིན༌ནོ།། དེ་ནས་སཱ་ར་ན༌རེ། དཀོན་མཆོག་གིས་ང་རང་དགོད་པར་མཛད་པ༌དང༌། ང་ལ་བུ་སྐྱེས་པའི་དོན་འདི་ཐོས་མཁན་སུ་ཡིན་ཡང་བདག་དང་མཉམ་དུ་དགོད་ངེས་ཡིན་ཞེས་སྨྲས་པ༌དང༌། ཡང་ཁོ་མོ་ན༌རེ། སུ་ཞིག་གིས་སྔ་མོ་ནས་ཨབ་ར་ཧམ་ལ་འདི་སྐད༌དུ། སཱ་རས་བུ་ལ་ནུ་ཞོ་སྟེར་ངེས་ཡིན་ཞེས་སྨྲ་ནུས༌སམ། འོན༌ཀྱང༌། ངས་ཨབ་ར་ཧམ་དགུང་ལོ་མཐོ་བའི་དུས༌སུ་ཁོང་ལ་བུ་ཞིག་བཙས་པ་ཡིན་ཞེས་སྨྲས༌སོ།།
གཡོག་མོ་ཧ་གར་མ་བུ་གཉིས་ཀ་ཕྱིར་ཕུད༌པ།
དེ་ཡང་བུ་ཨི་སཱག་རིམ་གྱིས་ནར་སོན་པ་དང་ནུ་ཞོ་སྟེར་མཚམས་བཞག༌གོ །བུའི་ནུ་ཞོ་བཀར་བའི་ཉིན༌ལ། ཨབ་ར་ཧམ་གྱིས་གསོལ་སྟོན་གཟབ་རྒྱས་བསྡུས༌སོ།། དུས༌དེར། ཨེ་ཅིབ་ཀྱི་གཡོག་མོ་ཧ་གར་ནས་ཨབ་ར་ཧམ་ལ་སྐྱེས་པའི་བུ་ཡེས་མ་ཨེལ་གྱིས་བུ་ཨི་སཱག་ལ་འཕྱ་དམོད་བྱེད་བཞིན་པ་སཱ་རས་མཐོང༌སྟེ། 10 ཨབ་ར་ཧམ་ལ་འདི་ལྟར་སྨྲས༌པ། གཡོག་མོའི་བུ་ཡིས་བདག་གི་བུ་ཨི་སཱག་དང་མཉམ་དུ་ཁྱིམ་རྒྱུད་འཛིན་མི་རུང༌བས། གཡོག་མོ་མ་བུ་གཉིས་ཀ་ཕྱིར་ཕུད་ཅིག་ཅེས་པ༌དང༌། 11 ཨབ་ར་ཧམ་རང་གི་བུ་ཡི་རྐྱེན་གྱིས་སེམས་སྡུག་ཆེན་པོར༌ལྷུང༌། 12 འོན༌ཀྱང༌། དཀོན་མཆོག་གིས་ཨབ་ར་ཧམ་ལ་འདི་སྐད༌དུ། བུ་དང་གཡོག་མོའི་ཆེད་དུ་སེམས་སྡུག་མ༌བྱེད། སཱ་རས་གཏམ་གང་ཞིག་སྨྲས་པ་ལ་ཁྱོད་ཀྱིས་ཉན་པར༌བྱའོ། །ཅིའི་ཕྱིར་ཞེ༌ན། ཨི་སཱག་བརྒྱུད་ནས་ཁྱོད་ཀྱི་རིགས་རྒྱུད་ཀྱི་མིང་ཐོན་པར་འགྱུར་བའི་ཕྱིར༌རོ།། 13 གཡོག་མོའི་བུ་ལ་མཚོན༌ན། བདག་གིས་ཁོའི་རིགས་རྒྱུད་ལའང་རྒྱལ་ཁབ་ཅིག་འཛུགས་པར༌བྱའོ། །ཅིའི་ཕྱིར་ཞེ༌ན། བུ་དེའང་ཁྱོད་ཀྱི་བུ་ཡིན་པས་སོ་ཞེས་གསུངས༌སོ།། 14 དེ་ནས་ཞོགས་པར་ཨབ་ར་ཧམ་ཡར་ལངས་ཏེ་ཧ་གར་གྱི་ཕྲག་ལ་བག་ལེབ་དང་སྐྱི་ཁུག་བཀལ་བ་དང་ཁོ་མོའི་བུའང་ཁོ་མོར་སྤྲད་ནས་འགྲོ་རུ༌བཅུག དེ་ལྟར་ཧ་གར་མ་བུ་གཉིས་སོང་བ་དང་པེར་ཤ་བཱ་ཡི་དབེན་སྟོང་དུ༌འཁྱམས། 15 དེར་སྐྱི་ཁུག་ནང་གི་སྐོམ་ཆུ་བཏུངས་ཚར༌བས། ཧ་གར་གྱིས་བུ་ཆུང་སྡོང་ཕྲན་ཞིག་གི་གྲིབ་བསིལ་འོག་ཏུ་བཞག་པ༌དང༌། 16 ཁོ་མོ་མདའ་འཕེན་ཐེངས་གཅིག་གི་མཚམས་སུ་སོང་བ་དང་བུའི་ཕྱོགས་སུ་ཁ་གཏད་ནས་བསྡད༌དེ། ངས་བུ་འཆི་བར་མིག་གིས་བལྟ་མི་བཟོད་ཅེས་སྨྲ་བཞིན་སྐད་ཆེན་པོ་བརྒྱབ་ནས་ངུས༌སོ།།
17 དེ་ཡང་དཀོན་མཆོག་གིས་བུ་ཆུང་ཞིག་ངུ་བའི་སྐད་གསན༌ཏོ། །དཀོན་མཆོག་གི་ཕོ་ཉས་ནམ་མཁའི་ཞིང་ཁམས་ནས་ཧ་གར་གྱི་མིང་ནས་བོས་ཏེ་འདི་སྐད༌དུ། ཧ༌གར། ཁྱོད་ཀྱིས་འདི་ལྟར་བྱེད་དོན༌ཅི། ཁྱོད་རང་འཇིགས་མི་དགོས༌ཏེ། དཀོན་མཆོག་གིས་བུ་ཆུང་གི་སྐད་གསན༌ཏོ།། 18 ཡར་ལོངས༌དང༌། བུ་ཡར་བསྐྱོར་ནས་ཁོའི་ལག་པར་འཇུས༌ཤིག ཅིའི་ཕྱིར་ཞེ༌ན། བདག་གིས་བུའི་རིགས་རྒྱུད་ལ་རྒྱལ་ཁབ་ཆེན་པོ་ཞིག་འཛུགས་པར་བྱ་ངེས་ཡིན་ཞེས་གསུངས༌སོ།། 19 དཀོན་མཆོག་གིས་ཁོ་མོའི་མིག་ཟུང་གསལ་པོར་མཛད་པ༌དང༌། ཁོ་མོས་དོང་ཆུ་ཞིག་མཐོང་ཞིང་སྐྱི་ཁུག་ནང་དུ་ཆུ་བླངས་ནས་བུ་ཆུང་ལ་འཐུང་དུ༌བཅུག 20 དེ་ལྟར་དཀོན་མཆོག་གིས་བུ་དེ་ལ་གཟིགས་སྐྱོང་གནང་བ༌དང༌། བུ་དེ་རིམ་གྱིས་ནར་སོན་པ་དང་དབེན་སྟོང་གི་ཡུལ་དུ་བསྡད༌ཅིང༌། ཕྱིས་སུ་མདའ་རྩལ་པ་ཞིག་ཏུ་གྱུར༌ཏོ།། 21 བུ་དེ་ཕཱ་རན་ཞེས་པའི་དབེན་སྟོང་དུ་སྡོད༌དུས། ཁོའི་ཡུམ་གྱིས་ཨེ་ཅིབ་ཡུལ་ནས་ཁོ་རང་ལ་ཆུང་མ་ཞིག་བླངས༌སོ།།
ཨབ་ར་ཧམ་དང་རྒྱལ་པོ་ཨ་བི་མེ་ལེག་བར་གྱི་གྲོས༌འཆམ།
22 སྐབས་དེར་ཨ་བི་མེ་ལེག་དང་ཁོང་གི་དམག་དཔོན་ཆེན་པོ་ཕི་ཀོལ་ཞེས་བྱ་བ་གཉིས་ཀྱིས་ཨབ་ར་ཧམ་ལ་འདི་ལྟར་སྨྲས་པ༌སྟེ། ཁྱོད་ཀྱིས་དོན་གང་ཞིག་བསྒྲུབས་ཀྱང་དཀོན་མཆོག་གིས་ཁྱོད་ལ་གཟིགས་སྐྱོང་གནང༌ངོ༌།། 23 ད་ལྟ་ཁྱོད་ཀྱིས་འདི་ནས་དཀོན་མཆོག་དཔང་དུ་བཙུགས༌ཏེ། བདག་དང་བདག་གི༌བུ། བདག་གི་རིགས་རྒྱུད་རྣམས་ལ་མགོ་སྐོར་མི་གཏོང་བ༌དང༌། བདག་གིས་ཁྱོད་ལ་ཇི་ལྟར་དྲིན་གཟོ་བ༌བཞིན། ཁྱོད་ཀྱིས་ཀྱང་དེ་ལྟར་བདག་ལ་དྲིན་གཟོ་བ༌དང༌། ཁྱོད་སྡོད་སའི་ཡུལ་འདིའི་འབངས་མི་རྣམས་ལའང་དྲིན་གཟོ་བའི་དམ་བཅའ་འཇོག་པར་གྱིས་ཞེས་པ༌ལ། 24 ཨབ་ར་ཧམ་གྱིས་ང་རང་དམ་བཅའ་འཇོག་པར་འཐད་པ་ཡིན་ཞེས་སྨྲས༌སོ།། 25 དེ་ཡང་སྔོན་ཆད་ཨ་བི་མེ་ལེག་གི་གཡོག་པོ་རྣམས་ཀྱིས་དོང་ཆུ་ཞིག་བཙན་འཕྲོག་བྱས་མྱོང༌བས། ཨབ་ར་ཧམ་གྱིས་དོན་དེའི་ཕྱིར་ཨ་བི་མེ་ལེག་ལ་བཀའ་བཀྱོན་གནང་བ༌རེད། 26 དེ་ནས་ཨ་བི་མེ་ལེག་ན༌རེ། དོན་དེ་སུ་ཞིག་གིས་བྱས་པ་བདག་གིས་མི་ཤེས༌ཏེ། ཁྱོད་ཀྱིས་ཀྱང་བདག་ལ་མ་སྨྲས་ཤིང་བདག་གིས་དེ་རིང་བར་དུ་རྣ་བས་ཐོས་མ་མྱོང་ཞེས་སྨྲས༌སོ།། 27 དེ་ནས་ཨབ་ར་ཧམ་གྱིས་ཨ་བི་མེ་ལེག་ལ་བ་གླང་དང་ར་ལུག་བཅས་སྤྲད་པ༌དང༌། ཁོ་གཉིས་ཕན་ཚུན་བར་གྲོས་འཆམ་བྱུང༌ངོ༌།། 28 ཨབ་ར་ཧམ་གྱིས་མ་མོ་བདུན་གནས་གཞན་དུ་བཞག་ཡོད༌པས། 29 ཨ་བི་མེ་ལེག་གིས་ཨབ་ར་ཧམ་ལ་འདི༌ལྟར། ཁྱོད་ཀྱིས་མ་མོ་བདུན་གནས་གཞན་དུ་འཇོག་པའི་རྒྱུ་མཚན་ཅི་ཞེས་དྲིས་པ༌དང༌། 30 ཨབ་ར་ཧམ་གྱིས་འདི་སྐད༌དུ། ངས་དོང་ཆུ་འདི་བརྐོས་པའི་དཔང་རྟགས༌སུ། ཁྱོད་ཀྱིས་བདག་ནས་མ་མོ་བདུན་ལེན་དགོས་གསུངས༌སོ།། 31 དེའི༌ཕྱིར། ཨབ་ར་ཧམ་གྱིས་གནས་དེའི་མིང་ལ་པེར་ཤ་བཱ་ *ཞེས་བཏགས༌སོ། །ཅིའི་ཕྱིར་ཞེ༌ན། ཁོ་གཉིས་ཀྱིས་གནས་དེ་རུ་དམ་བཅའ་བཞག་པའི་ཕྱིར༌རོ།། 32 དེ་ལྟར་ཁོ་གཉིས་པེར་ཤ་བཱ་ཡུལ་དུ་གྲོས་འཆམ་བྱུང་བ༌དང༌། ཨ་བི་མེ་ལེག་ཁོང་གི་དམག་དཔོན་ཕི་ཀོལ་དང་མཉམ་དུ་ཕེ་ལེ་ཤེད་མི་རིགས་ཀྱི་ཡུལ་དུ་ཕྱིར༌ལོག 33 ཨབ་ར་ཧམ་གྱིས་པེར་ཤ་བཱ་ཡུལ་དུ་འོམ་བུ་ཤིང་ཕྲན་ཞིག་བཙུགས༌ཤིང༌། གནས་དེ་ནས་ཐོག་མཐའ་མེད་པའི་དཀོན་མཆོག་ཡ་ཝཱེའི་མཚན་ནས་བོས༌པའོ།། 34 ཨབ་ར་ཧམ་ཁོང་ཉིད་ཕེ་ལེ་ཤེད་མི་རིགས་ཀྱི་ཡུལ་དུ་ཉིན་མང་པོར་བཞུགས༌སོ།།
* ལེའུ་ཉེར་གཅིག༌པ།:31 པེར་ཤ་བཱ་ཞེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་དམ་བཅའི་ཁྲོན་པ་ཞེས་པའི་དོན་ལ༌འཇུག