ལེའུ་ཉེར་ལྔ༌པ།
མེས་པོ་ཨབ་ར་ཧམ་སྐུ་གཤེགས༌པ།
དེ་ནས་ཡང་ཨབ་ར་ཧམ་གྱིས་མིང་ལ་ཀེ་ཏི་རཱ་ཞེས་བྱ་བ་རང་གི་ཆུང་མར་བླངས༌ཤིང༌། ཁོ་མོས་ཟིམ་རན༌དང༌། ཡོག༌ཤན། མཱ༌དན། མིད༌ཡཱན། ཡེས༌པག ཤུ་ཨག་བཅས་བུ་དྲུག་བཙས༌སོ།། དེ་ཡང་ཡོག་ཤན་ལ་བུ་ཤེ་བཱ་དང་དི་དན་གཉིས་སྐྱེས༌སོ། །བུ་དི་དན་ལས་ཨ་ཤུར་མི་རིགས༌དང༌། ལཱ་ཐུ་མི༌རིགས། ལཱ་ཨུམ་མི་རིགས་གསུམ་བྱུང༌ངོ༌།། དེ་ཡང་མིད་ཡཱན་ལ་ཨེ་ཕཱ༌དང༌། ཨེ༌ཕེར། ཧ༌ནོག ཨ་བི༌དཱ། ཨེལ་དཱ་ཨ་བཅས་བུ་ལྔ་སྐྱེས༌སོ། །དེ་ཐམས་ཅད་ནི་ཀེ་ཏི་རཱ་ཡི་བུ་རབས་ཚ་རྒྱུད་ཡིན༌ནོ།།
དེ་ཡང་ཨབ་ར་ཧམ་གྱིས་རང་ལ་ཅི་ཡོད་པ་ཐམས་ཅད་བུ་ཨི་སཱག་ལ་གནང་བ༌དང༌། ཆུང་མ་གཞན་དག་གི་བུ་རྣམས་ལའང་གནང་སྦྱིན་ཐོབ༌བོ། །རང་ཉིད་ཚེ་ལས་མ་འདས་པའི་སྔོན་ལ་ཁོ་རྣམས་རང་གི་བུ་ཨི་སཱག་དང་ཁ་བྲལ་ནས་ཤར་ཕྱོགས་ཡུལ་དུ་འགྲོ་བར་བསྐུལ༌ཏོ།།
དེ་ཡང་ཨབ་ར་ཧམ་བསྡོམས་པས་ལོ་བརྒྱ་དང་དོན་ལྔར་བཞུགས༌སོ།། ཁོང་དགུང་ལོ་མཐོ་ཞིང་ལོ་ན་རྒས་ཏེ་ཚེ་ལོ་མཐར་ཕྱིན་ནས་སྐུ་གཤེགས་པ་དང་མེས་པོ་རྣམས་ཀྱི་དྲུང་དུ་འཛོམས་པར༌གྱུར། ཨབ་ར་ཧམ་གྱི་བུ་ཨི་སཱག་དང་ཡེས་མ་ཨེལ་གཉིས་ཀྱིས་ཁོང་གི་སྐུ་གདུང་མཱག་ཕེ་ལཱ་བྲག་ཁུང་དུ་དུར་ལ་སྦས༌སོ། །བྲག་ཁུང་དེ་ནི་མཱན་རེའེ་ཡུལ་གྱི་མདུན་ཕྱོགས༌དང༌། ཧེ་བི་མི་རིགས་ཀྱི་ཚོ་ཧར་ཞེས་བྱ་བའི་བུ་ཨེབ་རོན་གྱི་ཞིང་ནང་དུ༌ཡོད། 10 དེ་ནི་ཨབ་ར་ཧམ་གྱིས་ཧེད་ཀྱི་བུ་རྒྱུད་ལས་ཉོས་པའི་ས་ཞིང་དེ་ཡིན༌ལ། གནས་དེ་རུ་ཨབ་ར་ཧམ་དང་ཁོང་གི་ཆུང་མ་སཱ་ར་གཉིས་ཀྱི་སྐུ་གདུང་དུར་ལ་སྦས་ཡོད༌དོ།། 11 ཨབ་ར་ཧམ་སྐུ་གཤེགས༌རྗེས། དཀོན་མཆོག་གིས་ཁོང་གི་བུ་ཨི་སཱག་ལ་བྱིན་རླབས་གནང་བ༌དང༌། ཨི་སཱག་ནི་པེར་ལཱ་ཧེད་རོའུ་ཞེས་པའི་ཆུ་མིག་གི་ཡུལ་དུ་བཞུགས༌སོ།།
ཡེས་མ་ཨེལ་གྱི་རིགས༌རྒྱུད།
12 དེ་ཡང་སཱ་རའི་གཡོག་མོ་སྟེ་ཨེ་ཅིབ་ཀྱི་བུད་མེད་ཧ་གར་གྱིས་ཨབ་ར་ཧམ་ལ་བཙས་པའི་བུ་ཡེས་མ་ཨེལ་གྱི་རིགས་རྒྱུད་ནི་འདི་ལྟ༌སྟེ། 13 ཡེས་མ་ཨེལ་གྱི་བུ་སྐྱེས་འགོ་ནི་ནཱ་བ་ཨོད༌དང༌། དེ་ནས་ཀེ་དཱར༌དང༌། ཨད་པཱ༌ཨེལ། མིབ༌སཱམ། 14 མུས༌མཱ། དུའུ༌མཱ། མཱ༌ས། 15 ཧ༌དཱད། ཐེ༌མཱ། ཡཱ༌ཐར། ནཱ༌ཕིས། ཀད་མཱ་བཅས་བཅུ་གཉིས༌སོ།། 16 དེ་རྣམས་ནི་ཡེས་མ་ཨེལ་གྱི་བུ་དག་གི་མིང་ཡིན༌ལ། ཁོ་རྣམས་ནི་གྲོང་སྡེ་དང་ཚོ་པ་བཅུ་གཉིས་ལྟར་ཚོ་དཔོན་བཅུ་གཉིས་ཀྱང་ཡིན༌ནོ།། 17 ཡེས་མ་ཨེལ་དགུང་ལོ་བརྒྱ་དང་སོ་བདུན་ལ་བཞུགས་ཤིང་ལོ་ན་རྒས་ཏེ་ཚེ་ལས་འདས་པ་དང་མེས་པོ་རྣམས་ཀྱི་དྲུང་དུ་འཛོམས་པར༌གྱུར། 18 ཁོའི་བུ་རབས་ཚ་རྒྱུད་ཀྱི་སྡོད་གནས་ནི་ཨེ་ཅིབ་ཡུལ་གྱི་ཤར་ཕྱོགས༌ཏེ། ཨ་སུར་ཡུལ་དུ་འགྲོ་བའི་ཧ་བེ་ལཱ་ཡུལ་ནས་ཤུར་ཞེས་པའི་ཡུལ་གྱི་བར་དུ་ཡིན༌ནོ།།
རིབ་ཀཱས་བུ་གཉིས་བཙས༌པ།
19 དེ་ཡང་ཨབ་ར་ཧམ་གྱི་བུ་ཨི་སཱག་གི་རིགས་རྒྱུད་ནི་འདི་ལྟ༌སྟེ། ཨབ་ར་ཧམ་ལས་བུ་ཨི་སཱག་སྐྱེས་པ༌དང༌། 20 ཨི་སཱག་གིས་རིབ་ཀཱ་ཆུང་མར་ལེན་པའི་དུས༌སུ། ཁོ་དགུང་ལོ་བཞི་བཅུ་ཡིན༌ཞིང༌། རིབ་ཀཱ་ནི་ཕཱ་དན་ཨ་རམ་ཡུལ་གྱི༌ཆར། ཨ་རམ་མི་རིགས་ཀྱི་པཱ་ཐུ་ཨེལ་གྱི་བུ་མོ༌དང༌། ཨ་རམ་མི་རིགས་ཀྱི་ལཱ་པན་གྱི་སྲིང་མོ་ཡིན༌ནོ།། 21 དེ་ཡང་ཨི་སཱག་གི་ཆུང་མ་ནི་མོ་གཤམ་ཡིན༌པས། ཨི་སཱག་གིས་ཁོ་མོའི་ཆེད་དུ་དཀོན་མཆོག་ཡ་ཝཱེ་ལ་གསོལ་བ་བཏབ༌ཅིང༌། དཀོན་མཆོག་ཡ་ཝཱེས་ཀྱང་གསོལ་བ་བཏབ་པ་ལྟར་མཛད༌པས། ཁོའི་ཆུང་མ་རིབ་ཀཱར་མངལ་ཆགས་པར༌གྱུར། 22 དེ་ཡང་རིབ་ཀཱའི་མངལ་དུ་མཚེ་མ་ཞིག་ཕན་ཚུན་འཇུ་རེས་བྱས༌པས། ཁོ་མོ་ན༌རེ། དོན་འདི་ཅིའི་ཕྱིར་བདག་གི་ལུས་སྟེང་དུ་བྱུང་ངམ་ཞེས་སྨྲས་ཤིང་དཀོན་མཆོག་ཡ་ཝཱེ་ལ་སྐྱབས་སུ༌རེའོ།། 23 དེ་ནས་དཀོན་མཆོག་ཡ་ཝཱེས་འདི་སྐད༌དུ།
ཁྱོད་ཀྱི་མངལ་ལས་རིགས་རྒྱུད༌གཉིས།།
ངེས་པར་འབྱུང་ཞིང་མི་རིགས༌གཉིས།།
དེ་བཞིན་འབྱུང་བས་དེ་གཉིས༌ནི།།
གཅིག་ལས་གཅིག་རྒྱལ་མཐའ་མའི༌དུས།།
ཆེ་བས་ཆུང་བར་ཞབས་ཕྱི༌འགྱུར། །ཞེས་གསུངས༌སོ།།
24 དེ་ཡང་བུ་བཙའ་བའི་དུས་ལ་སླེབས་པ་དང་ཁོ་མོའི་མངལ་དུ་དངོས་གནས་མཚེ་མ་ཞིག་མཆིས༌སོ།། 25 ཐོག་མར་བཙས་པའི་བུ་ཡི་ལུས་པོ་ནི་ཁ་དོག་དམར་པོ་ཡིན་པ་དང་ལུས་ཡོངས་སུ་བ་སྤུས་གང་སྟེ་ལྤགས་པ་ཞིག་དང་མཚུངས༌ཤིང༌། བུ་དེའི་མིང་ལ་ཨེ་སཱབ་ཅེས་བཏགས་པ༌དང༌། 26 བུ་ཨེ་སཱབ་ལ་སྤུན་ཞིག་བཙས་པ༌ན། དེ་ཡི་ལག་པས་ཨེ་སཱབ་ཀྱི་རྐང་པའི་ཕྱི་རྟིང་ནས་བཟུང་འདུག༌པས། བུ་དེའི་མིང་ལ་ཡ་ཀོབ་ *ཅེས༌བཏགས། དེ་ལྟར་རིབ་ཀཱས་བུ་གཉིས་བཙའ་བའི་དུས༌སུ། ཨི་སཱག་དགུང་ལོ་དྲུག་ཅུ་ཡིན༌ནོ།།
27 དེ་ནས་བུ་གཉིས་རིམ་གྱིས་ནར་སོན་པ་དང་བུ་ཆེ་བ་ཨེ་སཱབ་ནི་རི་དྭགས་རྔོན་པར་མཁས་ཤིང་རྟག་ཏུ་དབེན་སྟོང་དུ་མཆིས་པ༌དང༌། བུ་ཆུང་བ་ཡ་ཀོབ་ནི་གཤིས་རྒྱུད་དུལ་བས་ནམ་རྒྱུན་སྦྲ་གུར་དུ་སྡོད༌དོ།། 28 ཨི་སཱག་གིས་ཨེ་སཱབ་ལ་གཅེས་པར༌བྱེད། ཅིའི་ཕྱིར་ཞེ༌ན། ཁོ་ནི་རྟག་ཏུ་རི་དྭགས་ཀྱི་ཤ་བཟའ་བར་དགའ་བའི་ཕྱིར༌ཡིན། འོན་ཀྱང་ཡུམ་རིབ་ཀཱས་ནི་ཡ་ཀོབ་ལ་གཅེས༌སོ།།
29 ཉིན་ཞིག༌ལ། ཡ་ཀོབ་ཀྱིས་སྲན་ཁུ་ཞིག་བསྐོལ་ནས་སྡོད་པ༌ལ། ཨེ་སཱབ་དབེན་སྟོང་ནས་ཐོན་ཞིང་ལུས་ཐང་ཆད་དེ་བརྒྱལ་ལ༌ཉེའོ།། 30 དེ་ནས་ཨེ་སཱབ་ཀྱིས་ཡ་ཀོབ་ལ་འདི༌ལྟར། ང་རང་ལུས་ཐང་ཆད་ནས་བརྒྱལ་ལ༌ཉེ། ཁྱོད་ཀྱིས་སྲན་ཁུ་དམར་པོ་དེ་བདག་ལ་གནང་བར་མཛོད་ཅིག་ཅེས་བརྗོད་པའི༌ཕྱིར། ཨེ་སཱབ་ཀྱི་མིང་ལ་ཨེ་དོམ་ ཞེས་ཀྱང་ཐོགས༌སོ།། 31 དེ་ནས་ཡ་ཀོབ་ན༌རེ། དེ་རིང་ཁྱོད་ཀྱིས་བུ་ཆེ་བའི་ཐོབ་ཐང་ བདག་ལ་བཙོང་བར་མཛོད་ཅེས་སྨྲས་པ༌ལ། 32 ཨེ་སཱབ་ན༌རེ། བདག་ནི་འཆི་ལ་ཉེ་བས་བུ་ཆེ་བའི་ཐོབ་ཐང་འདི་བདག་ལ་མཚོན་ན་ཕན་ཐོགས་ཅི་ཞིག་ཡོད་དམ་ཞེས་སྨྲས༌སོ།། 33 ཡང་ཡ་ཀོབ་ན༌རེ། ཁྱོད་ཀྱིས་དེ་རིང་བདག་ལ་དམ་བཅའ་འཇོག་པར་གྱིས་ཞེས་སྨྲས་པ༌ན། ཨེ་སཱབ་ཀྱིས་ཀྱང་ཁོ་ལ་དམ་བཅས་ཏེ་བུ་ཆེ་བའི་ཐོབ་ཐང་དེ་ཡ་ཀོབ་ལ་བཙོངས༌སོ།། 34 དེའི༌ཕྱིར། ཡ་ཀོབ་ཀྱིས་ཨེ་སཱབ་ལ་བག་ལེབ་དང་སྲན་ཁུ་ཕུལ་བ༌དང༌། ཨེ་སཱབ་ཀྱིས་ཀྱང་བཟའ་བཏུང་སྤྱད་རྗེས་ཡར་ལངས་ནས་སོང༌ངོ༌། །དེ་ལྟར་ཨེ་སཱབ་ཀྱིས་བུ་ཆེ་བའི་ཐོབ་ཐང་ལ་མཐོང་ཆུང་བྱས༌སོ།།
* ལེའུ་ཉེར་ལྔ༌པ།:26 ཡ་ཀོབ་ཅེས་པ་ཡ་ཧུ་དཱའི་སྐད་དོད་དེ་རྐང་པའི་ཕྱི་རྟིང་ནས་བཟུང་བའི་དོན༌ཡིན། ལེའུ་ཉེར་ལྔ༌པ།:30 ཨེ་དོམ་ཞེས་པ་ནི་ཁ་དོག་དམར་པོའི་དོན་ཡིན་པར༌འགྲེལ། ལེའུ་ཉེར་ལྔ༌པ།:31 འདིར་བརྗོད་པའི་བུ་ཆེ་བའི་ཐོབ་ཐང་ཞེས་པ་ནི་ཡ་ཧུ་དཱ་མི་རིགས་ཀྱི་གོམས་སྲོལ་ཞིག༌སྟེ། བུ་ཆེ་བ་ལ་བུ་ཆུང་བ་ལས་ཀྱང་ཕ་ཤུལ་བུ་འཛིན་གྱི་དབང་ཆ་ཡོད་པར་མ༌ཟད། ད་དུང་བགོ་སྐལ་ལྡབ་གཉིས་ཀྱིས་མང་བར༌བཤད།