ལེའུ་ཉེར་བདུན༌པ།
ཡ་ཀོབ་ཀྱིས་ཡབ་ནས་བྱིན་རླབས་བསླུས༌པ།
1 དེ་ཡང་ཨི་སཱག་རྒས་ཤིང་མིག་ཟུང་རབ་རིབ་ཏུ་གྱུར་ནས་ཅི་ཡང་མི་མཐོང་བའི་ཚེ། བདག་གི་བུ་ཞེས་རང་གི་བུ་ཆེ་བ་ཨེ་སཱབ་བོས་པ༌དང༌། བུ་ན༌རེ། ཡབ༌ལགས། ང་རང་འདི་རུ་ཡོད་ཅེས་ལན་བཏབ་པ༌དང༌།
2 ཡབ་ན༌རེ། ལྟོས༌དང༌། ད་ལྟ་ང་རང་རྒས་ཤིང་ནམ་འཆི་ངེས་མེད་ཡིན༌པས།
3 ད་ནི་ཁྱོད་ཀྱིས་རང་གི་མཚོན་ཆ་སྟེ་མདའ་གཞུ་ཐོགས་པ་དང་དབེན་སྟོང་དུ་སོང་ནས་བདག་ལ་རི་དྭགས་རྔོན་པར༌བྱོས།
4 བདག་གི་དགའ་མོས་ལྟར་ཁ་ཟས་ཞིམ་པོ་གཡོས་སྦྱོར་བྱས་ནས་བདག་ལ་ཁྱེར༌ཤོག ང་རང་མ་ཤི་གོང་དུ་ཁྱོད་ལ་བྱིན་རླབས་གནང་བར་བྱ་ཞེས་སྨྲས༌སོ།།
5 ཨི་སཱག་གིས་རང་གི་བུ་ལ་དེ་ལྟར་སྨྲས་པ་རིབ་ཀཱས་ཐོས༌སོ། །དེ་ནས་བུ་ཆེ་བ་དབེན་སྟོང་ལ་རི་དྭགས་རྔོན་དུ་སོང་བ༌དང༌།
6-7 རིབ་ཀཱས་རང་གི་བུ་ཡ་ཀོབ་ལ་འདི་ལྟར། ལྟོས༌དང༌། ཁྱོད་ཀྱི་ཡབ་ཀྱིས་ཁྱོད་ཀྱི་གཅེན་པོ་ཨེ་སཱབ༌ལ། ཁྱོད་རང་སོང་ནས་རི་དྭགས་བརྔོན༌ཏེ། ཁ་ཟས་ཞིམ་པོ་གཡོས་སྦྱོར་བྱས་ནས་ང་རང་ལ་བཟའ་བར་ཁྱེར༌ཤོག ང་རང་མ་ཤི་གོང་དུ་དཀོན་མཆོག་ཡ་ཝཱེའི་སྤྱན་སྔ་ནས་ཁྱོད་ལ་བྱིན་རླབས་གནང་བར་བྱའོ་ཞེས་སྨྲས་པ་ངས་ཐོས༌པས།
8 བདག་གི༌བུ། ངས་ཁྱོད་ལ་སྨྲས་པ་བཞིན་ད་ལྟ་ཁྱོད་ཀྱིས་བདག་གི་གཏམ་ལ་མཉན་པར་བྱ༌སྟེ།
9 ཁྱོད་རང་ར་ཁྱུའི་ནང་དུ་སོང་ནས་རེའུ་ཤ་ཤེད་ཅན་གཉིས་ཁུར་ཤོག༌དང༌། བདག་གིས་ཁྱོད་ཀྱི་ཡབ་ལ་དགའ་བའི་ཁ་ཟས་ཞིམ་པོོ་གཡོས་སྦྱོར་བྱེད་པར༌བྱ།
10 ཁྱོད་ཀྱིས་ཁ་ཟས་དེ་རང་གི་ཡབ་ཀྱི་དྲུང་དུ་ཁྱེར་སོང༌དང༌། ཁོང་མ་ཤི་གོང་དུ་ཁོང་གིས་ཁྱོད་ལ་བྱིན་རླབས་གནང་བར་བྱ་ཞེས་སྨྲས༌སོ།།
11 དེ་ནས་ཡ་ཀོབ་ཀྱིས་རང་གི་ཡུམ་རིབ་ཀཱ་ལ་འདི༌ལྟར། བདག་གི་གཅེན་པོ་ཨེ་སཱབ་ཀྱི་ལུས་ཡོངས་ལ་བ་སྤུས་བཀང་ཞིང་བདག་གི་ལུས་ནི་འཇམ་པོ་ཡིན༌པས།
12 གལ་ཏེ་ཡབ་ཀྱིས་བདག་གི་ལུས་ལ་རེག༌ན། བདག་གིས་ཁོང་ལ་མགོ་སྐོར་བཏང་བ་ཤེས་ངེས༌ཡིན། བདག་ལ་དམོད་པ་འཕོག་ཅིང་བྱིན་རླབས་འཐོབ་པར་མི་འགྱུར་ཞེས་སྨྲས་པ༌དང༌།
13 ཡང་ཁོའི་ཡུམ་ན༌རེ། བདག་གི༌བུ། ཁྱོད་ལ་ཕོག་པའི་དམོད་པ་དེ་བདག་གི་ལུས་ལ་འཕོག་པར༌སྨོན། ཁྱོད་ཀྱིས་བདག་གི་གཏམ་ལ་མཉན་ཏེ་རེའུ་ཁྲིད་ཤོག་ཅེས་སྨྲས་པ༌དང༌།
14 ཁོས་དེ་ལྟར་བྱས་ནས་ཡུམ་ལ་སྤྲད་པ༌དང༌། ཁོ་མོས་ཀྱང་ཡབ་ཀྱི་དགའ་མོས་ལྟར་ཁ་ཟས་ཞིམ་པོ་གཡོས་སྦྱོར་བྱས༌སོ།།
15 དེ་ནས་རིབ་ཀཱས་ཡུལ་དུ་ཡོད་པའི་བུ་ཆེ་བའི་གྱོན་གོས་ལེགས་པོ་དེ་བླངས་ནས་རང་གི་བུ་ཆུང་བ་ཡ་ཀོབ་ཀྱི་ལུས་ལ་གྱོན་དུ་བཅུག་པ༌དང༌།
16 ཡང་རིབ་ཀཱས་ར་ལྤགས་ཀྱིས་ཡ་ཀོབ་ཀྱི་ལག་པ་དང་མཇིང་པ་བཅས་འཇམ་པོ་ཡིན་ས་རྣམས་གཡོགས༌ཤིང༌།
17 ཁ་ཟས་ཞིམ་པོ་གཡོས་སྦྱོར་བྱས་པ་དེ་དང་བག་ལེབ་བཅས་རང་གི་བུ་ཆུང་བའི་ལག་ཏུ་བཞག༌གོ །
18 དེ་ནས་ཡ་ཀོབ་ཁོ་རང་ཡབ་ཀྱི་དྲུང་དུ་སོང་སྟེ་བདག་གི་ཡབ་ལགས་ཞེས་སྨྲས་པ༌དང༌། ཡབ་ན༌རེ། ང་རང་འདི་རུ་ཡོད། བདག་གི༌བུ། ཁྱོད་ནི་བུ་གང་ཞིག་ཡིན་ནམ་ཞེས་དྲིས་པ༌ན།
19 ཡ་ཀོབ་ཀྱིས་ཕ་ལ་འདི་ལྟར་སྨྲས་པ༌སྟེ། ང་རང་ཁྱེད་ཀྱི་བུ་སྐྱེས་འགོ་ཨེ་སཱབ༌ཡིན། ཁྱེད་ཀྱི་བྱིན་རླབས་འཐོབ་པའི༌ཕྱིར། བདག་གིས་ཁྱེད་ཀྱི་བཀའ་ལྟར་བསྒྲུབས༌པ་ཡིན། ཁྱེད་རང་ཡར་བཞེངས་ནས་ཁ་ཟས་བཞེས་པར་མཛོད་ཅིག་ཅེས་པ༌ལ།
20 ཨི་སཱག་གིས་རང་གི་བུ་ལ་འདི་ལྟར་སྨྲས༌པ། བདག་གི༌བུ། ཁྱོད་རང་འདི་འདྲ་མགྱོགས་པ་ཅི་ཡིན་ནམ་ཞེས་པ༌ན། བུ་ན༌རེ། དཀོན་མཆོག་ཡ་ཝཱེ་སྟེ་ཁྱེད་ཀྱི་དཀོན་མཆོག་གིས་བདག་ལ་གོ་སྐབས་ལེགས་པོ་གནང་བས་ལག་ཏུ་འབྱོར་བ་ཡིན་ཞེས་ལན་བཏབ༌བོ།།
21 དེ་ནས་ཨི་སཱག་གིས་ཡ་ཀོབ་ལ་འདི༌ལྟར། བདག་གི༌བུ། ཁྱོད་རང་བདག་གི་ཉེ་སར་ཤོག༌དང༌། བདག་གིས་ཁྱོད་ལ་རེག༌སྟེ། ཁྱོད་ནི་བདག་གི་བུ་ཨེ་སཱབ་ཡིན་མིན་ལ་བལྟ་བར་བྱ་ཞེས་སྨྲས་པ༌དང༌།
22 ཡ་ཀོབ་རང་གི་ཡབ་ཨི་སཱག་གི་ཉེ་སར་བཅར་བ༌དང༌། ཨི་སཱག་གིས་ཁོ་ལ་རེག་སྟེ་ན༌རེ། ཁྱོད་ཀྱི་སྐད་ནི་ཡ་ཀོབ་ཀྱི་སྐད་ཡིན་ཡང་ལག་པ་ནི་ཨེ་སཱབ་ཀྱི་ལག་པ་ཡིན་འདུག་ཅེས་སྨྲས༌ཤིང༌།
23 ཨི་སཱག་གིས་བུ་སུ་ཡིན་མ་ཤེས༌སོ། །ཅིའི་ཕྱིར་ཞེ༌ན། ཁོའི་ལག་པའི་སྟེང་དུའང་བ་སྤུ་ཡོད་པས་ཁོའི་གཅེན་པོ་ཨེ་སཱབ་ཀྱི་ལག་པ་དང་མཚུངས་པའི་ཕྱིར༌རོ། །དེ་ནས་བུ་ཡ་ཀོབ་ལ་བྱིན་རླབས་གནང་བ༌དང༌།
24 ཡང་ཡབ་ན༌རེ། ཁྱོད་ནི་དངོས་གནས་བདག་གི་བུ་ཨེ་སཱབ་ཡིན་ནམ་ཞེས་དྲིས་པ༌ན། བུ་ཡ་ཀོབ་ཀྱིས་ང་རང་ཡིན་ཞེས་ལན་བཏབ༌བོ།།
25 དེ་ནས་ཨི་སཱག་ན༌རེ། ཁྱོད་ཀྱིས་བདག་ལ་བྱིན༌དང༌། བདག་གིས་རང་གི་བུས་གཡོས་སྦྱོར་བྱས་པའི་ཁ་ཟས་བཟའ་བར༌བྱ། དེ་ནས་ཁྱོད་ལ་བྱིན་རླབས་གནང་བར་བྱ་ཞེས་སྨྲས༌སོ། །ཡ་ཀོབ་ཀྱིས་ཡབ་ལ་ཁ་ཟས་ཕུལ་བར་ཡབ་ཀྱིས་བཞེས༌ཤིང༌། རྒུན་ཆང་དྲངས་པ་ལ་ཁོང་གིས་དེའང་བཞེས༌སོ།།
26 དེ་ནས་ཡབ་ཀྱིས་བུ་ཨེ་སཱབ་ཡིན་པར་སྙམ་ནས་འདི༌ལྟར། བདག་གི༌བུ། ཁྱོད་བདག་གི་གམ་དུ་ཡོང་ནས་བདག་ལ་འོ་བྱེད་པར་གྱིས་ཞེས་སྨྲས་པ༌དང༌།
27 བུ་ཡ་ཀོབ་ཀྱིས་ཡབ་ལ་འོ་བྱས་པ༌དང༌། ཡབ་ཀྱིས་བུའི་གྱོན་གོས་སྟེང་གི་དྲི་མ་བསྣམས་ནས་བྱིན་རླབས་གནང་སྟེ་འདི་སྐད༌དུ།
བདག་གི་བུ་ཡི་ལུས་ཀྱི་དྲི་མ༌དང༌།།
ཡ་ཝཱེས་བྱིན་རླབས་གནང་བར་མཛད་པ༌ཡི།།
ཞིང་སའི་དྲི་ཞིམ་ལ་ནི་ཡང་དག༌མཚུངས།།
28 དཀོན་མཆོག་གིས་ནི་མཁའ་ལས་ཟིལ་བ༌དང༌།།
ས་གཤིས་ལེགས་ཤིང་འབྲུ་རིགས་སྣ་ལྔ༌དང༌།།
རྒུན་ཆང་གསར་པ་ཁྱོད་ལ་གནང་བར༌སྨོན།།
29 མི་རྣམས་ཀུན་གྱིས་ཁྱོད་ལ་བསྙེན་བཀུར༌དང༌།།
མི་རིགས་ཡོངས་ཀྱིས་ཁྱོད་ལ་བཀུར་སྟི༌དང༌།།
ཁྱོད་ནི་སྤུན་ཟླ་རྣམས་ཀྱི་བདག་པོ༌དང༌།།
མ་ཡི་བུས་ཀྱང་བཀུར་སྟི་བྱེད་པར༌སྨོན།།
ཁྱོད་ལ་དམོད་པའི་མི་རྣམས་ཀུན་ལ༌ཡང༌།།
དེ་བཞིན་དམོད་པ་འཕོག་པར་འགྱུར་བ༌དང༌།།
ཁྱོད་ལ་བྱིན་རླབས་གནང་མཁན་ཉིད་ལ༌ནི།།
དེ་དང་དེ་བཞིན་བྱིན་རླབས་འཐོབ་པར༌སྨོན། །ཞེས་སྨྲས༌སོ།།
30 དེ་ནས་ཨི་སཱག་གིས་ཡ་ཀོབ་ལ་བྱིན་རླབས་གནང་ཚར༌རྗེས། ཡ་ཀོབ་ཡབ་ཀྱི་མདུན་ནས་ཕྱིར་ཡོང་མ་ཐག༌ཏུ། ཁོའི་གཅེན་པོ་ཨེ་སཱབ་ཀྱིས་ཀྱང་རི་དྭགས་བརྔོན་ནས་ཕྱིར་སླེབས་ཤིང་།
31 ཁོས་ཀྱང་ཁ་ཟས་ཞིམ་པོ་གཡོས་སྦྱོར་བྱས༌ཏེ། ཡབ༌ལགས། ཡར་བཞེངས༌དང༌། བདག་ལ་བྱིན་རླབས་འཐོབ་པའི༌ཕྱིར། ཁྱེད་ཀྱི་བུས་གཡོས་སྦྱོར་བྱས་པའི་ཁ་ཟས་བཞེས་པར་མཛོད་ཅིག་ཅེས་སྨྲས་པ༌ལ།
32 ཁོའི་ཡབ་ཀྱིས་ཨེ་སཱབ་ལ་ཁྱོད་རང་སུ་ཡིན་ནམ་ཞེས་དྲིས་པ༌ན། བུ་ན༌རེ། བདག་ནི་ཁྱེད་ཀྱི་བུ་སྐྱེས་འགོ་ཨེ་སཱབ་ཡིན་ཞེས་ལན་བཏབ༌བོ།།
33 དེ་ནས་ཨི་སཱག་དྲག་ཏུ་འདར་ཞིང་འདི་ལྟར། ཁྱོད་རང་མ་ཡོང་བའི་སྔོན༌དུ། སུ་ཞིག་གིས་རི་དྭགས་བརྔོན་ཏེ་བདག་ལ་ཁ་ཟས་ཞིམ་པོ་ཁྱེར་ཡོང༌ངམ། བདག་གིས་ཟོས་ནས་དེ་ལ་བྱིན་རླབས་གནང་བ༌དང༌། མ་འོངས་པར་དེ་ལ་བྱིན་རླབས་ཀྱང་འཐོབ་ངེས་ཡིན་ཞེས་སྨྲས༌སོ།།
34 ཨེ་སཱབ་ཀྱིས་ཡབ་ཀྱི་གཏམ་དེ་ཐོས་རྗེས་སྐད་ཆེན་པོ་བརྒྱབ་ནས་ངུ་བཞིན་ན༌རེ། ཀྱེ། བདག་གི་ཡབ༌ལགས། ཁྱེད་ཀྱིས་བདག་ལའང་བྱིན་རླབས་གནང་བར་མཛོད་ཅིག་ཅེས་སྨྲས་པ༌དང༌།
35 ཨི་སཱག་གིས་འདི་ལྟར། ཁྱོད་ཀྱི་གཅུང་པོས་གཡོ་སྒྱུའི་སྦྱོར་བ་སྤེལ་ནས་ཁྱོད་ལ་འཐོབ་ངེས་པའི་བྱིན་རླབས་ཀྱི་བགོ་སྐལ་ཁྱེར་སོང་བ་ཡིན་ཞེས་སྨྲས་པ༌ལ།
36 ཨེ་སཱབ་ན༌རེ། ཁོའི་མིང་ལ་ཡ་ཀོབ་ཅེས་བཏགས་ཡོད་པ་ཅི་མ༌བདེན། ཅིའི་ཕྱིར་ཞེ༌ན། ཁོས་བདག་ལ་མགོ་སྐོར་ཐེངས་གཉིས་ལ་བཏང་བ༌སྟེ། སྔོན་ཆད་བུ་ཆེ་བ་བདག་གི་ཐོབ་ཐང་ཕྲོགས་ཤིང་། ལྟོས༌དང༌། ད་ལྟ་བདག་གི་བྱིན་རླབས་ཀྱི་བགོ་སྐལ་ཡང་ཕྲོགས་པ་རེད་ཅེས་སྨྲས་པ༌དང༌། ཡང་ཁོ་ན༌རེ། ཁྱེད་ཀྱིས་བདག་ལ་བྱིན་རླབས་ཀྱི་བགོ་སྐལ་མ་བསྐྱུར་རམ་ཞེས་དྲིས་པ༌ལ།
37 ཨི་སཱག་ན༌རེ། ལྟོས༌དང༌། བདག་གིས་ཁོ་རང་ནི་ཁྱོད་ཀྱི་བདག་པོར་བྱས་ཤིང་། ཁོའི་སྤུན་ཟླ་ཐམས་ཅད་ཁོའི་ཞབས་ཕྱི་པར་བྱས་པ༌དང༌། ཁོ་རང་ལ་འབྲུ་རིགས་སྣ་ལྔ་དང་རྒུན་ཆང་གསར་པ་བསྩལ་ཏེ་འཚོ་བ་བསྐྲུན༌ནོ། །བདག་གི༌བུ། ད་ལྟ་བདག་གིས་ཁྱོད་ལ་ཅི་བྱ་ནུས་སམ་ཞེས་ལན་བཏབ༌བོ།།
38 དེ་ནས་ཨེ་སཱབ་ཀྱིས་རང་གི་ཡབ་ལ་འདི༌ལྟར། ཀྱེ། ཡབ༌ལགས། ཁྱེད་ལ་བྱིན་རླབས་དེ་མ་གཏོགས་མེད༌དམ། བདག་གི་ཡབ༌ལགས། ཁྱེད་ཀྱིས་བདག་ལའང་བྱིན་རླབས་གནང་བར་ཞུ་ཞེས་སྨྲས་ཤིང་སྐད་ཆེན་པོས་ངུས༌སོ།།
39 དེ་ནས་ཡབ་ན༌རེ།
ཁྱོད་ནི་ས་གཤིས་ལེགས་པོར་འབྲལ་འགྱུར༌ཞིང༌།།
ནམ་མཁའི་ཟིལ་བ་དེ་ཡང་རིང་དུ༌གནས།།
40 ཁྱོད་ནི་རལ་གྲིར་བརྟེན་ནས་འཚོ་བ༌དང༌།།
ཁྱོད་ཀྱིས་གཅུང་པོ་ལ་ཡང་བསྙེན་བཀུར༌བྱེད།།
ཁྱོད་ལ་སྟོབས་འབྱོར་མངའ་ཐང་རྒྱས་པའི༌དུས།།
ཁོ་ཡི་གཉའ་ཤིང་ལས་ནི་ཐར་བར༌ངེས། །ཞེས་སྨྲས༌སོ།།
ཡ་ཀོབ་ཞང་པོ་ལཱ་པན་གྱི་ཡུལ་དུ་བྲོས༌པ།
41 དེ་ཡང་ཡབ་ཀྱིས་ཡ་ཀོབ་ལ་བྱིན་རླབས་གནང་བའི༌ཕྱིར། ཨེ་སཱབ་ཀྱིས་ཡ་ཀོབ་དགྲ་རུ་བཟུང་སྟེ་ཁོའི་སེམས་སུ་ཕ་ལ་མྱ་ངན་བྱེད་པའི་དུས་སླེབས་ལ༌ཉེའོ། །དེའི་རྗེས༌སུ། བདག་གིས་གཅུང་པོ་ཡ་ཀོབ་གསོད་པར་བྱ་སྙམ་པ༌རེད།
42 དེ་ནས་མི་གཞན་དག་གིས་རིབ་ཀཱའི་བུ་ཆེ་བ་ཨེ་སཱབ་ཀྱིས་སྨྲས་པའི་གཏམ་དེ་ཁོ་མོར་སྨྲས༌ཤིང༌། ཁོ་མོས་མི་མངགས་ཏེ་བུ་ཆུང་བ་ཡ་ཀོབ་ཚུར་བོས་པ༌དང༌། ཁོ་ལ་འདི༌ལྟར། ལྟོས༌དང༌། ཁྱོད་ཀྱི་གཅེན་པོས་ཁྱོད་ལ་དགྲ་ཤ་ལེན་ཕྱིར་གསོད་པར་རྩོམ་མོ་ཞེས་སྨྲས་པ༌དང༌།
43 བདག་གི༌བུ། ད་ལྟ་ཁྱོད་ཀྱིས་བདག་གི་གཏམ་ལ་ཉོན༌ཅིག ཡར་ལངས་ནས་ངའི་མིང་པོ་ལཱ་པན་གྱི་དྲུང་དུ་ཧཱ་རན་ཡུལ་ལ་ཕྲོས༌ཤིག
44 ཁྱོད་ཀྱི་གཅེན་པོའི་ཞེ་སྡང་ཞི་བའི་བར་དུ་ཁོང་དང་མཉམ་དུ་ཉིན་ཁ་ཤས་ལ་སྡོད༌ཅིག
45 ཁྱོད་ཀྱི་གཅེན་པོའི་ཞེ་སྡང་ཞི་བ་དང་ཁྱོད་ཀྱིས་ཁོ་རང་ལ་བྱས་པའི་ལས་དེ་བརྗེད་པར་གྱུར༌ཚེ། བདག་གིས་མི་མངགས་ནས་ཁྱོད་རང་ཕྱིར་འབོད་པར༌བྱའོ། །ཉིན་གཅིག་ལ་ཁྱོད་སྤུན་གཉིས་ཀ་འཆི་དགོས་དོན་ཅི་ཡོད་དམ་ཞེས་སྨྲས༌སོ།།
46 དེ་ནས་ཡང་རིབ་ཀཱས་ཨི་སཱག་ལ་འདི༌ལྟར། བདག་ནི་ཧེད་མི་རིགས་ཀྱི་བུ་མོའི་རྐྱེན་གྱིས་ཡིད་སྐྱོ་བར་གྱུར་ཏེ་སྲོག་ཀྱང་འཚོ་མི་འདོད༌ལ། ཡ་ཀོབ་ཀྱིས་ཀྱང་ཧེད་མི་རིགས་ཀྱི་བུ་མོ་འདི་ལྟ་བུ་ཞིག་ཆུང་མར་བླངས༌ན། བདག་གི་སྲོག་འཚོ་ཐུབ་ཀྱང་ཅི་ལ་ཕན་ཞེས་སྨྲས༌སོ།།