ལེའུ་ཉེར་དགུ༌པ།
ཡ་ཀོབ་ཅེས་བྱ་བ་ཕཱ་དན་ཨ་རམ་ཡུལ་དུ་སླེབས༌པ།
དེ་ནས་ཡ་ཀོབ་ལམ་ལ་ཆས་ནས་ཤར་ཕྱོགས་པའི་ཡུལ་དུ་སོང་བ༌དང༌། ཞིང་ནང་དུ་ཁྲོན་པ་ཞིག་ཡོད་པ་མཐོང་ཞིང་ལུག་ཁྱུ་སྐོར་གསུམ་ཁྲོན་པའི་འགྲམ་དུ་ཉལ་འདུག་པ༌སྟེ། རྒྱུ་མཚན་ནི་མི་རྣམས་ཀྱིས་ཁྲོན་པ་དེ་ལས་ལུག་ཁྱུ་ལ་ཆུ་ལྡུད་པའི་ཕྱིར༌ཡིན། ཁྲོན་པའི་སྟེང་རྡོ་ལེབ་ཆེན་པོ་ཞིག་ཡོད༌དོ།། ནམ་རྒྱུན་ཁྲོན་པའི་འགྲམ་དུ་ལུག་ཁྱུས་བཀང་བ༌ན། ལུག་རྫི་རྣམས་ཀྱིས་ཁྲོན་པའི་རྡོ་ལེབ་ཕར་བསྒྲིལ་ཏེ་ལུག་ཁྱུ་ལ་ཆུ་ལྡུད་པར་བྱེད་པ༌དང༌། དེའི་རྗེས་སུ་རྡོ་ལེབ་ཕྱིར་འགེབ་པར་བྱེད༌དོ།། དེ་ནས་ཡ་ཀོབ་ཀྱིས་ལུག་རྫི་ལ་འདི༌ལྟར། སྤུན་ཟླ༌རྣམས། ཁྱོད་ཅག་གང་ནས་ཡོང་བ་ཡིན་ནམ་ཞེས་དྲིས་པ༌ལ། ལུག་རྫི་རྣམས་ན༌རེ། ངེད་ཅག་ཧཱ་རན་ནས་ཡོང་བ་ཡིན་ཞེས་ལན་བཏབ་པ༌དང༌། ཡང་ཡ་ཀོབ་ན༌རེ། ཁྱོད་ཅག་གིས་ནཱ་ཧོར་གྱི་ཚ་བོ་ལཱ་པན་བྱ་བ་ངོ་ཤེས་སམ་ཞེས་དྲིས་པ༌ན། ཁོ་རྣམས་ན༌རེ། ངེད་ཅག་གིས་ཁོ་རང་ངོ་ཤེས་པ་ཡིན་ཞེས་ལན༌བཏབ། ཡང་ཡ་ཀོབ་ན༌རེ། ཁོ་རང་བདེ་ལགས་སམ་ཞེས་དྲིས་པ༌ལ། ཁོ་རྣམས་ན༌རེ། ཁོ་རང་བདེ་བར༌བཞུགས། ལྟོས༌དང༌། ཁོའི་བུ་མོ་རཱ་ཧེལ་གྱིས་ལུག་ཁྱུ་དེད་ནས་སླེབས་བྱུང་ཞེས་སྨྲས༌སོ།། དེ་ནས་ཡ་ཀོབ་ན༌རེ། ད་ལྟ་ཉིན་གུང་ཡིན་པས་ལུག་ཁྱུ་འདེད་པའི་དུས་མ་ཡིན༌ཏེ། ཁྱོད་ཅག་གིས་ལུག་ཁྱུ་ལ་ཆུ་བླུད་ནས་འཚོ་རུ་སོང་ན་ལེགས་ཞེས་སྨྲས་པ༌ལ། ཁོ་རྣམས་ན༌རེ། མིན༌ཏེ། ངེད་ཅག་གིས་ངེས་པར་ལུག་ཁྱུ་ཐམས་ཅད་བསྡུ་བར་སྒུག་ཅིང་ཁྲོན་པའི་རྡོ་ལེབ་ཕར་བསྒྲིལ་ནས་ལུག་ཁྱུ་ལ་ཆུ་ལྡུད་དགོས་ཞེས་སྨྲས༌སོ།། དེ་ལྟར་ཡ་ཀོབ་དང་ལུག་རྫི་རྣམས་ཀྱིས་ཕན་ཚུན་ལ་ལབ་གླེང་བྱེད་པའི་དུས༌སུ། རཱ་ཧེལ་གྱིས་ཁོ་མོའི་ཕ་ཡི་ལུག་ཁྱུ་དེད་ནས་སླེབས་པ༌དང༌། ཁོ་མོ་ལུག་ཁྱུ་དེའི་ལུག་རྫི་ཡིན༌ནོ།། 10 དེ་ནས་ཡ་ཀོབ་ཀྱིས་རང་གི་ཞང་པོ་ལཱ་པན་གྱི་བུ་མོ་རཱ་ཧེལ་དང་ལུག་ཁྱུ་མཐོང་བ༌དང༌། ཁྲོན་པའི་རྡོ་ལེབ་ཕར་བསྒྲིལ་ཏེ་ཞང་པོའི་ལུག་ཁྱུ་ལ་ཆུ་བླུད༌དོ།། 11 ཡ་ཀོབ་ཀྱིས་རཱ་ཧེལ་ལ་འོ་བྱས་པ་དང་ངུ་སྒྲ་ཕྱུང་ངོ་།། 12 ཡ་ཀོབ་ཀྱིས་རཱ་ཧེལ་ལ་ཁོ་རང་ནི་ཁོ་མོའི་ཕ་ཡི་ཚ་བོ་སྟེ་རིབ་ཀཱའི་བུ་ཡིན་པར་བརྗོད་པ༌དང༌། རཱ་ཧེལ་ཕ་ཡི་གམ་དུ་རྒྱུགས་ཤིང་དོན་དེ་ཕ་ལ་སྨྲས༌སོ།།
13 དེ་ནས་ལཱ་པན་གྱིས་ཚ་བོ་ཡ་ཀོབ་ཀྱི་གནས་ཚུལ་ཐོས༌རྗེས། མྱུར་དུ་ཁོ་བོའི་མདུན་བསུས་ཤིང་ཁོ་བོར་འཐམས་ནས་འོ་བྱས་ཏེ་རང་ཁྱིམ་དུ་གདན་དྲངས༌སོ། །དེར་ཡ་ཀོབ་ཀྱིས་ཀྱང་དོན་ཐམས་ཅད་ལཱ་པན་ལ་སྨྲས༌སོ།། 14 དེ་ནས་ལཱ་པན་ན༌རེ། ཁྱོད་ནི་ངའི་ཤ་དང་རུས་པའི་གཉེན་ཉེ་ཡིན་ཞེས་སྨྲས་པ༌དང༌། ཡ་ཀོབ་ཟླ་བ་གཅིག་ལ་ལཱ་པན་དང་མཉམ་དུ་བསྡད༌དོ།།
ཡ་ཀོབ་ཀྱིས་རཱ་ཧེལ་དང་ལེ་ཨ་གཉིས་ཆུང་མར་བླངས༌པ།
15 དེ་ནས་ལཱ་པན་གྱིས་ཡ་ཀོབ་ལ་འདི༌ལྟར། ཁྱོད་བདག་གི་གཉེན་ཉེ་ཡིན་ཡང་གླ་མེད་པར་བདག་ལ་ཞབས་ཕྱི་བྱེད་ག་ལ༌སྲིད། ཁྱོད་ལ་གླ་ཕོགས་ག་ཚོད་དགོས་པ་བདག་ལ་སྨྲོས་ཤིག་ཅེས༌སྨྲས། 16 དེ་ཡང་ལཱ་པན་ལ་བུ་མོ་གཉིས་ཡོད༌དེ། བུ་མོ་ཆེ་བའི་མིང་ལ་ལེ་ཨ་ཞེས་དང་བུ་མོ་ཆུང་བའི་མིང་ལ་རཱ་ཧེལ་ཟེར༌རོ།། 17 ལེ་ཨ་ནི་མིག་དབང་ཞན་པ༌དང༌། རཱ་ཧེལ་ནི་བྱད་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་ཞིག༌ཡིན། 18 ཡ་ཀོབ་ནི་རཱ་ཧེལ་ལ་དགའ་བར་གྱུར༌ཏེ། འདི༌ལྟར། བདག་གིས་ཁྱེད་ཀྱི་བུ་མོ་ཆུང་བ་རཱ་ཧེལ་གྱི་ཆེད༌དུ། ལོ་ངོ་བདུན་རིང་ཁྱེད་ལ་ཞབས་ཕྱི་བསྒྲུབ་འདོད་པ་ཡིན་ཞེས་སྨྲས་པ༌ལ། 19 ལཱ་པན་ན༌རེ། བདག་གིས་བུ་མོ་ཆུང་བ་མི་གཞན་ལ་སྟེར་བ་ལས་ཁྱོད་ལ་བྱིན་ན༌ལེགས། ཁྱོད་རང་བདག་དང་མཉམ་དུ་འདུག་པར་གྱིས་ཞེས༌སྨྲས། 20 དེ་ནས་ཡ་ཀོབ་ཀྱིས་རཱ་ཧེལ་གྱི་ཆེད༌དུ་ལོ་ངོ་བདུན་རིང་ཞབས་ཕྱི༌བསྒྲུབས། ཡ་ཀོབ་ནི་རཱ་ཧེལ་ལ་དགའ་བའི་དབང་གིས་ལོ་བདུན་གྱི་དུས་ནི་ཉིན་འགའ་ཤས་ཙམ་ལ་སྣང༌ངོ༌།།
21 དེ་ནས་ཡ་ཀོབ་ཀྱིས་ལཱ་པན་ལ་འདི་ལྟར་སྨྲས༌པ། ད་ནི་དུས་ལ་སླེབས་པས། ཁྱེད་ཀྱིས་བདག་གི་ཆུང་མ་བདག་ལ་གནང་བར༌མཛོད། བདག་ཁོ་མོར་འགྲོགས་འདོད་པ་ཡིན་ཞེས་པ༌ལ། 22 ལཱ་པན་གྱིས་གཉེན་སྟོན་གཟབ་རྒྱས་བསྡུས་ཤིང་ཡུལ་ཕྱོགས་དེའི་མི་རྣམས་མགྲོན་ལ་བོས་པ༌རེད། 23 དེར་མཚན་མོའི་དུས༌སུ། ལཱ་པན་གྱིས་བུ་མོ་ལེ་ཨ་བྱ་བ་ཡ་ཀོབ་ཀྱི་གམ་དུ་བསྐྱལ་ཏེ་ཁོ་གཉིས་ལུས་འབྲེལ་བྱས་པ༌དང༌། 24 ལཱ་པན་གྱིས་གཡོག་མོ་ཟིལ་པཱ་ཞེས་བྱ་བ་བུ་མོ་ལེ་ཨའི་གཡོག་མོར་བསྐོས༌སོ།། 25 ཕྱི་ཉིན་ཞོགས༌པར། ཡ་ཀོབ་ཀྱིས་ལེ་ཨ་ཡིན་པ་མཐོང༌སྟེ། ལཱ་པན་ལ་འདི་ལྟར་སྨྲས༌པ། ཁྱེད་ཀྱིས་བདག་ལ་ཅི་བྱས༌སམ། བདག་གིས་ཁྱེད་ལ་ཞབས་ཕྱི་བསྒྲུབས་པ་ནི་རཱ་ཧེལ་གྱི་ཆེད་དུ་མ་ཡིན༌ནམ། ཁྱེད་ཀྱིས་བདག་ལ་མགོ་སྐོར་གཏོང་བའི་རྒྱུ་མཚན་ཅི་ཞེས་པ༌ལ། 26 ལཱ་པན་ན༌རེ། བུ་མོ་ཆེ་བ་གནས་ལ་མ་བྱིན་པར་བུ་མོ་ཆུང་བ་གནས་ལ་སྟེར་བ་ནི་ངེད་ཅག་གི་ཡུལ་འདིའི་གོམས་སྲོལ་མ༌ཡིན། 27 ཁྱོད་ཀྱིས་གཉེན་སྟོན་གྱི་ཉིན་བདུན་ལོངས་སུ་བཅུག༌རྗེས། བདག་གིས་བུ་མོ་ཆུང་བའང་ཁྱོད་ལ་སྟེར་ངེས༌ཤིང༌། ཁྱོད་ཀྱིས་ད་དུང་ལོ་ངོ་བདུན་རིང་བདག་ལ་ཞབས་ཕྱི་བསྒྲུབ་དགོས་ཞེས་སྨྲས༌སོ།།
28 དེ་ནས་ཡ་ཀོབ་ཀྱིས་དེ་ལྟར་བསྒྲུབས༌ཤིང༌། ལེ་ཨའི་གཉེན་སྟོན་གྱི་ཉིན་བདུན་ལོངས༌རྗེས། ལཱ་པན་གྱིས་བུ་མོ་རཱ་ཧེལ་ཡ་ཀོབ་ལ་ཆུང་མར་གནང༌ངོ༌།། 29 ཡང་ལཱ་པན་གྱིས་གཡོག་མོ་པིལ་ཧ་ཞེས་བྱ་བ་བུ་མོ་རཱ་ཧེལ་གྱི་གཡོག་མོར་བསྐོས༌སོ།། 30 དེར་ཡ་ཀོབ་ནི་རཱ་ཧེལ་ལའང་ལུས་འབྲེལ་བྱས༌ཤིང༌། ཁོ་རང་ལེ་ཨ་ལས་རཱ་ཧེལ་ལ་ཤིན་ཏུ་དགའ༌བས། ཡང་ལོ་ངོ་བདུན་རིང་ལཱ་པན་ལ་ཞབས་ཕྱི་བསྒྲུབས༌སོ།།
ཡ་ཀོབ་ཀྱི་བུ་ཕྲུག༌སྐོར།
31 དེ་ཡང་དཀོན་མཆོག་ཡ་ཝཱེས་ལེ་ཨ་ལ་ཡ་ཀོབ་ཀྱི༌བྱམས་བརྩེ་མ་ཐོབ་པ་དེ་གཟིགས༌པས། ཁོ་མོ་ལ་མངལ་སྦྲུམ་ནུས་པར་མཛད་ཀྱང་རཱ་ཧེལ་ནི་མོ་གཤམ་ཡིན༌ནོ།། 32 དེ་ནས་ལེ་ཨ་ལ་མངལ་སྦྲུམ་ཞིང་བུ་ཞིག་བཙས་པ་དང་བུའི་མིང་ལ་རུ་བེན་*ཞེས༌བཏགས། ཅིའི་ཕྱིར་ཞེ༌ན། ཁོ་མོ་ན༌རེ། དཀོན་མཆོག་ཡ་ཝཱེས་བདག་གི་སྐྱོ་སྡུག་གཟིགས༌པས། ད་ལྟ་བདག་གི་ཁྱོ་གས་ང་རང་ལ་གཅེས་ངེས་ཡིན་ཞེས་བརྗོད་པའི་ཕྱིར༌རོ།། 33 དེ་ནས་ཡང་ཁོ་མོར་མངལ་སྦྲུམ་ཞིང་བུ་ཞིག་བཙས་པ༌ལ། ཁོ་མོ་ན༌རེ། དཀོན་མཆོག་ཡ་ཝཱེས་བདག་ལ་བརྩེ་འདང་མ་ཐོབ་པ་གསན༌པས། ཁོང་གིས་བདག་ལ་བུ་འདིའང་གནང་བ་ཡིན་ཞེས་སྨྲས་པའི༌ཕྱིར། བུའི་མིང་ལ་སི་མུ་ཨོན་ ཞེས་བཏགས༌སོ།། 34 དེ་ནས་ཡང་ཁོ་མོར་མངལ་སྦྲུམ་ཞིང་བུ་ཞིག་བཙས་པ༌དང༌། ཡང་ཁོ་མོ་ན༌རེ། བདག་གིས་ཁྱོ་གར་བུ་གསུམ་བཙས༌པས། ཁོ་ནི་བདག་དང་འབྲེལ་ངེས་ཡིན་ཞེས་སྨྲས་པའི༌ཕྱིར། བུའི་མིང་ལ་ལེ་ཝི་ ཞེས་བཏགས༌སོ།། 35 དེ་ནས་ཡང་ཁོ་མོར་མངལ་སྦྲུམ་ཞིང་བུ་ཞིག་བཙས་པ༌དང༌། ཁོ་མོ་ན༌རེ། ཐེངས་འདིར་བདག་གིས་དཀོན་མཆོག་ཡ་ཝཱེ་ལ་བསྟོད་བསྔགས་བརྗོད་པར་བྱ་ཞེས་སྨྲས་པའི༌ཕྱིར། བུའི་མིང་ལ་ཡ་ཧུ་དཱ་ §ཞེས༌བཏགས། དེའི་རྗེས་སུ་ཁོ་མོར་མངལ་སྦྲུམ་མཚམས་ཆད༌དོ།།
* ལེའུ་ཉེར་དགུ༌པ།:32 རུ་བེན་ཞེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་ལྟོས་དང་བུ་ཞིག་སྐྱེས་བྱུང་ཞེས་པའི་དོན་ལ༌འཇུག ལེའུ་ཉེར་དགུ༌པ།:33 སི་མུ་ཨོན་ཞེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་གསན་པའི་དོན་ལ༌འཇུག ལེའུ་ཉེར་དགུ༌པ།:34 ལེ་ཝི་ཞེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་འབྲེལ་བའི་དོན་ལ༌འཇུག § ལེའུ་ཉེར་དགུ༌པ།:35 ཡ་ཧུ་དཱ་ཞེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་བསྟོད་བསྔགས་བརྗོད་པའི་དོན་ལ༌འཇུག