ལེའུ་སོ་གཅིག༌པ།
ཡ་ཀོབ་ཀྱི་མཚང་བརྡོལ་བས་ལཱ་པན་གྱི་དྲུང་ནས་བྲོས༌པ།
དེ་ཡང་ཡ་ཀོབ་ཀྱིས་ལཱ་པན་གྱི་བུ་རྣམས་ཀྱི་ངག་ལས་ཁོས་ངེད་ཅག་གི་ཕ་ཡི་རྒྱུ་ནོར་ཐམས་ཅད་ཕྲོགས་པ༌དང༌། ངེད་ཅག་གི་ཕ་ལ་བརྟེན་ནས་ད་ལྟ་ཁོ་འབྱོར་ཕྱུག་ལྡན་པར་གྱུར་པ་ཡིན་ཞེས་སྨྲ་བ་ཐོས༌སོ།། ཡ་ཀོབ་ཀྱིས་ལཱ་པན་ནི་རང་ལ་སྔོན་ཆད་ལྟར་མི་དགའ་བའང་མཐོང༌ངོ༌།། དེ་ནས་དཀོན་མཆོག་ཡ་ཝཱེས་ཡ་ཀོབ་ལ་འདི་སྐད༌དུ། ད་ལྟ་ཁྱོད་ནི་རང་གི་ཕ་མེས་ཡང་མེས་ཀྱི་ཡུལ་དུ་སོང༌ཞིག ཁྱོད་རང་གི་གཉེན་ཉེའི་གམ་དུ་སོང༌ཞིག བདག་ཁྱོད་དང་མཉམ་དུ་གནས་པར་འགྱུར་ཞེས་གསུངས༌སོ།། དེའི་ཕྱིར་ཡ་ཀོབ་ཀྱིས་མི་མངགས་ཏེ་རཱ་ཧེལ་དང་ལེ་ཨ་གཉིས་སྤང་ཐང་དུ་ཡོད་པའི་རང་གི་ར་ལུག་གི་ཁྱུ་ཡི་གམ་དུ་ཡོང་བར་བོས་པ༌དང༌། ཡ་ཀོབ་ཀྱིས་ཁོ་མོ་གཉིས་ལ་འདི༌ལྟར། ཁྱོད་གཉིས་ཀྱི་ཕ་ནི་བདག་ལ་སྔར་བཞིན་མི་དགའ༌ནའང༌། བདག་གི་ཕ་ཡི་དཀོན་མཆོག་ནི་རྒྱུན་དུ་བདག་དང་མཉམ་དུ་བཞུགས༌སོ།། ཁྱོད་གཉིས་ཀྱིས་ཤེས་གསལ༌ལྟར། བདག་གིས་ནུས་ཤུགས་ཡོད་ཚད་བཏོན་ནས་ཁྱོད་གཉིས་ཀྱི་ཕ་ལ་ཞབས་ཕྱི་བསྒྲུབས༌ཀྱང༌། ཁྱོད་གཉིས་ཀྱི་ཕ་ཡིས་བདག་ལ་མགོ་སྐོར་བཏང་བ་དང་བདག་གི་གླ་ཆ་ཐེངས་བཅུ་ལ་བསྒྱུར་ཏོ། །འོན༌ཀྱང༌། ཁོས་བདག་ལ་གནོད་པ་བཟོ་བ་དཀོན་མཆོག་གིས་བཟློག་པར་མཛད༌དོ།། གལ་ཏེ་ཁོ་ན༌རེ། ནག་ཐིག་ཅན་ནི་ཁྱོད་ཀྱི་གླ་ཆ་ཡིན་ཞེས་སྨྲས༌ན། ར་ལུག་གི་ཁྱུ་ཐམས་ཅད་ལས་ནག་ཐིག་ཅན་རྩེབས༌སོ། །ཡང་ཁོ་ན༌རེ། སྟག་རིས་ཅན་ནི་ཁྱོད་ཀྱི་གླ་ཆ་ཡིན་ཞེས་སྨྲས༌ན། ར་ལུག་གི་ཁྱུ་ཐམས་ཅད་ལས་སྟག་རིས་ཅན་རྩེབས༌སོ།། དེ་ལྟར་དཀོན་མཆོག་གིས་ཁྱོད་གཉིས་ཀྱི་ཕ་ཡི་ཕྱུགས་ཟོག་བླངས་ཏེ་བདག་ལ་གནང་བ་ཡིན༌ནོ།། 10 དེ་ཡང་ར་ལུག་ཕོ་མོ་རྣམས་ཀྱིས་འཁྲིག་པ་སྤྱོད་པའི་སྐབས༌སུ། བདག་གིས་རྨི་ལམ་ནང་དུ་མགོ་ཡར་བཀྱགས་ནས་བལྟས་པ༌ན། ར་མའི་ཐོག་ཏུ་ལྡིང་བའི་ར་ཐུག་ཐམས་ཅད་ནི་སྟག་རིས་ཅན༌དང༌། ནག་ཐིག༌ཅན། ཁྲ་བོ་ཅན་བཅས་ཡིན༌ནོ།། 11 དེ་ནས་དཀོན་མཆོག་གི་ཕོ་ཉས་རྨི་ལམ་ནང་དུ་ཡ་ཀོབ་ཅེས་ང་རང་བོས་པ༌དང༌། བདག་གིས་ང་རང་འདི་རུ་ཡོད་ཅེས་ལན་བཏབ་པར་ཁོང་གིས་འདི་སྐད༌དུ། 12 ཁྱོད་ཀྱིས་མགོ་ཡར་བཀྱགས་ནས་ལྟོས༌དང༌། ར་མའི་སྟེང་དུ་ལྡིང་བའི་ར་ཐུག་ཐམས་ཅད་ནི་སྟག་རིས་ཅན༌དང༌། ནག་ཐིག༌ཅན། ཁྲ་བོ་ཅན་ཡིན༌ནོ། །ཅིའི་ཕྱིར་ཞེ༌ན། ལཱ་པན་གྱིས་ཁྱོད་ལ་ལས་ཅི་ཞིག་བྱས་པ་ཐམས་ཅད་བདག་གིས་མཐོང་བའི་ཕྱིར༌རོ།། 13 བདག་ནི་པེད་ཨེལ་ཡུལ་གྱི་དཀོན་མཆོག༌སྟེ། ཁྱོད་ཀྱིས་ཀ་བའི་སྟེང་དུ་སྣུམ་བླུགས་ཏེ་བདག་ལ་དམ་བཅའ་ཕུལ་མྱོང་བ་དེ༌ཡིན། ད་ལྟ་ཁྱོད་ཡར་ལངས་ཏེ་ས་ཆ་འདི་དང་ཁ་བྲལ་ནས་རང་ཉིད་ཀྱི་སྐྱེས་ཡུལ་དུ་ལོག་ཅིག་ཅེས་གསུངས་པ་ཡིན་ཞེས་སྨྲས༌སོ།། 14 དེ་ནས་རཱ་ཧེལ་དང་ལེ་ཨ་གཉིས་ཀྱིས་ཡ་ཀོབ་ལ་འདི༌ལྟར། ངེད་གཉིས་ལ་ཕ་གཞིས་ལས་ད་དུང་བགོ་སྐལ་ཡོད༌དམ། 15 ཕ་ཡིས་ངེད་གཉིས་ཕྱི་ཕྱོགས་པ་རུ་བྱས་པ་མ་ཡིན༌ནམ། ཅིའི་ཕྱིར་ཞེ༌ན། ཕ་ཡིས་ངེད་གཉིས་བཙོངས་ཏེ་ངེད་གཉིས་ཀྱི་རིན་ཐང་ཐམས་ཅད་ཆུད་ཟོས་སུ་བཏང་བ་མ་ཡིན༌ནམ། 16 དཀོན་མཆོག་གིས་ངེད་གཉིས་ཀྱི་ཕ་ཡི་དྲུང་ནས་ཕྲོགས་པའི་རྒྱུ་ནོར་ཐམས་ཅད་ངེད་གཉིས་དང་ངེད་གཉིས་ཀྱི་བུ་ཕྲུག་རྣམས་ཀྱི༌ཡིན། ད་ལྟ་དཀོན་མཆོག་གིས་ཁྱོད་ལ་ཇི་ལྟར་བཀའ་གནང་བ་བཞིན་ཁྱོད་ཀྱིས་ཀྱང་དེ་ལྟར་བསྒྲུབ་པར་གྱིས་ཞེས་སྨྲས༌སོ།།
17 དེ་ནས་ཡ་ཀོབ་ཡར་ལངས་ཏེ་རང་གི་བུ་དང་ཆུང་མ་བཅས་རྔ་མོང་དག་ལ་བཞོན་དུ་བཅུག་པ༌དང༌། 18 ཡང་ཕཱ་དན་ཨ་རམ་ཡུལ་ནས་ཐོབ་པའི་ཕྱུགས་ཟོག་དང་རྒྱུ་ནོར་ཐམས་ཅད་ཁྱེར་ནས་ཀ་ན་ཨན་ཡུལ་གྱི་ཕ་ཨི་སཱག་གི་ཡུལ་དུ་ཆས༌སོ།། 19 སྐབས༌དེར། ལཱ་པན་ལུག་བལ་འབྲེག་ཏུ་སོང་བ༌དང༌། རཱ་ཧེལ་གྱིས་ཕ་ཡི་ཁྱིམ་ནས་ལྷ་སྐུ་རྣམས་བརྐུས༌སོ།། 20 ཡ་ཀོབ་ཀྱིས་ཨ་རམ་མི་རིགས་ཀྱི་ལཱ་པན་ལ་མགོ་སྐོར་བཏང་ཞིང་ཁོ་ལ་ཅི་ཡང་མ་སྨྲས་པར་བྲོས་པ༌དང༌། 21 རང་ལ་དབང་བ་ཐམས་ཅད་ཁྱེར་ཏེ་ཆུ་བོ་ཕི་རཱད་བརྒལ་ནས་གིལ་ཨད་རི་ཁུལ་གྱི་ཕྱོགས་སུ་སོང༌ངོ༌།།
ལཱ་པན་ནི་ཡ་ཀོབ་ཀྱི་ར་མདར་རྒྱུགས༌པ།
22 དེ་ནས་ཉིན་གསུམ་པ༌ལ། མི་ཞིག་གིས་ལཱ་པན་ལ་ཡ་ཀོབ་བྲོས་སོང་ཞེས་སྨྲས་པ༌དང༌། 23 ལཱ་པན་གྱིས་ཁོའི་སྤུན་ཟླ་འགའ་ཁྲིད་ནས་ཡ་ཀོབ་ཀྱི་རྗེས་བསྙེགས་པ༌དང༌། ཉིན་བདུན་པ་ལ་གིལ་ཨད་རི་ཁུལ་ནས་རྗེས་ཆོད༌དོ།། 24 མཚན་མོའི་སྐབས༌སུ། དཀོན་མཆོག་ཨ་རམ་མི་རིགས་ཀྱི་ལཱ་པན་ཞེས་བྱ་བའི་རྨི་ལམ་དུ་བྱུང་སྟེ་ཁོ་ལ་འདི་སྐད༌དུ། ཁྱོད་ཀྱིས་གཟབ་གཟབ༌བྱོས། ཡ་ཀོབ་ལ་གཏམ་བཟང་ངན་ཅི་ཡང་མི་སྨྲ་བར་གྱིས་ཞེས་གསུངས༌སོ།། 25 དེ་ཡང་ལཱ་པན་གྱིས་ཡ་ཀོབ་ཀྱི་རྗེས་ཆོད༌ཅིང༌། ཡ་ཀོབ་ཀྱིས་རི་ཁུལ་དེ་ནས་གུར་ཕུབ་པ༌དང༌། ལཱ་པན་དང་ཁོའི་སྤུན་རྣམས་ཀྱིས་ཀྱང་གིལ་ཨད་རི་བོའི་སྟེང་དུ་གུར་ཕུབ༌པའོ།། 26 དེ་ནས་ལཱ་པན་གྱིས་ཡ་ཀོབ་ལ་འདི་ལྟར་སྨྲས༌པ། ཁྱོད་ཀྱིས་ཅི་ཞིག་བྱས་པ་ཡིན༌ནམ། ཁྱོད་ཀྱིས་བདག་ལ་མགོ་སྐོར་བཏང་སྟེ་བདག་གི་བུ་མོ་རྣམས་ཁྲིད་སོང་བ་ནི་དམག་འཁྲུག་བརྒྱབ་ནས་བཙན་འཕྲོག་བྱས་པ་དང་མཚུངས༌སོ།། 27 ཁྱོད་ཀྱིས་བདག་ལ་མགོ་སྐོར་བཏང་ནས་ལྐོག་ཏུ་བྲོས་པ་ཅི་ཡིན༌ནམ། བདག་ལ་མི་སྨྲ་བའི་རྒྱུ་མཚན༌ཅི། གལ་ཏེ་བདག་ལ་སྨྲས༌ན། བདག་གིས་དགའ་སྟོན་བསྡུས་ཏེ་དགའ་སྐྱིད་ཀྱི་གླུ་གཞས་གཏོང་བ༌དང༌། སིལ་རྔ་རྡུང༌བ། པི་ཝང་དཀྲོལ་བ་བཅས་ཀྱིས་ཁྱོད་ལ་སྐྱེལ་མ་བྱེད་པ་མ་ཡིན༌ནམ། 28 ཡང་ཁྱོད་ཀྱིས་བདག་གི་ཚ་རྒྱུད་དང་བུ་མོ་རྣམས་ལ་འོ་བྱེད་དུ་མ་བཅུག་པར་བྲོས་པ་ནི་ཇི་འདྲའི་གླེན་པ་ཞིག་རེད༌ཨང༌། 29 བདག་ལ་སྔར་ནས་ཁྱོད་རང་གསོད་པའི་དབང་ཆ་ཡོད༌ནའང༌། མདང་དགོང་ཁྱོད་ཀྱི་ཕ་ཡི་དཀོན་མཆོག་གིས་བདག་ལ་འདི་སྐད༌དུ། ཁྱོད་ཀྱིས་གཟབ་གཟབ༌བྱོས། ཡ་ཀོབ་ལ་གཏམ་བཟང་ངན་ཅི་ཡང་མི་སྨྲ་བར་གྱིས་གསུངས༌སོ།། 30 ད་ལྟ་ཁྱོད་ཀྱིས་རང་གི་ཕ་ཡི་ཁྱིམ་མི་དང་བཅས་པ་ཤིན་ཏུ་དྲན་ཏེ་ཡུལ་ལ་མི་འགྲོ་ཐབས་མེད་ཡིན༌ཡང༌། ཁྱོད་ཀྱིས་བདག་གི་ལྷ་སྐུ་རྣམས་བརྐུས་པའི་རྒྱུ་མཚན་ཅི་ཞེས་དྲིས་པ༌ལ། 31 ཡ་ཀོབ་ན༌རེ། ཁྱེད་ཀྱིས་བདག་ལས་ཁྱེད་ཀྱི་བུ་མོ་འཕྲོག་པར་བསམས་ཏེ་འཇིགས་ཤིང་བྲོས༌པའོ།། 32 ཁྱེད་ཀྱིས་སུ་ཞིག་གི་ལག་ནས་ལྷ་སྐུ་རྣམས་བཙལ་ཏེ་རྙེད༌ཚེ། མི་དེ་བསད་ཀྱང་རུང༌ངོ༌། །བདག་གི་འདི་རུ་དངོས་པོ་གང་ཞིག་ཁྱེད་ཀྱི་ཡིན་ན་ཁྱེར༌ཞིག ཁྱེད་ཀྱིས་རང་ཅག་སྤུན་ཟླ་རྣམས་ཀྱི་མིག་མདུན་ནས་འཚོལ་ཞིག་ཅེས་སྨྲས༌སོ། །དེ་ནི་ཡ་ཀོབ་ཀྱིས་རཱ་ཧེལ་གྱིས་ལྷ་སྐུ་དག་བརྐུས་ཟིན་པ་མི་ཤེས་པའི་ཕྱིར༌རོ།། 33 དེ་ནས་ལཱ་པན་ནི་ཡ་ཀོབ༌དང༌། ལེ༌ཨ། གཡོག་མོ་གཉིས་དང་བཅས་པའི་གུར་རེ་རེའི་ནང་དུ་སོང་བ་དང་ཅི་ཡང་མ་རྙེད༌དོ། །དེ་ནས་ཁོ་རང་ལེ་ཨའི་གུར་ལས་ཕྱིར་བུད་དེ་རཱ་ཧེལ་གྱི་གུར་ནང་དུ་སོང༌ངོ༌།། 34 དེ་ཡང་རཱ་ཧེལ་གྱིས་ལྷ་སྐུ་རྣམས་ཏ་ལན་ནང་དུ་སྦས་ཤིང་ཁོ་མོ་ཏ་ལན་སྟེང་དུ་ཙོག་པུར་བསྡད་ཡོད༌དོ། །དེ་ནས་ལཱ་པན་གྱིས་སྦྲ་གུར་ཡོངས་སུ་བཙལ་ཡང་ཅི་ཡང་མ་རྙེད༌དོ།། 35 རཱ་ཧེལ་གྱིས་ཁོ་མོའི་ཕ་ལཱ་པན་ལ་འདི༌ལྟར། ཕ༌ལགས། ད་ལྟ་བདག་གི་ལུས་པོ་དེ་འདྲ་མི་བདེ་བས་ཁྱེད་ཀྱི་དྲུང་དུ་བདག་ཡར་ལངས་མ་ཐུབ༌ན། ཁྱེད་ཉིད་ཐུགས་རྒྱལ་མི་བཞེངས་པར་མཛོད་ཅེས་སྨྲས༌སོ། །དེ་ལྟར་ལཱ་པན་གྱིས་ལྷ་སྐུ་རྣམས་བཙལ་ནས་མ་རྙེད༌དོ།།
36 དེར་ཡ་ཀོབ་ཁོང་ཁྲོ་ལངས་ཏེ་ལཱ་པན་ལ་འདི་ལྟར་སྡིགས་དམོད་བྱས་པ༌སྟེ། བདག་ལ་ནོར་འཁྲུལ་ཅི་དང་ཉེས་པ་ཅི་ཡོད༌དམ། ཁྱེད་ཀྱིས་འདི་ལྟར་བདག་གི་རྗེས་བསྙེགས༌སམ། 37 ཁྱེད་ཀྱིས་བདག་གི་ཅ་ལག་ཐམས་ཅད་བསློགས་ཀྱང་ཁྱེད་ཀྱི་དངོས་པོ་བཙལ་ནས་རྙེད༌དམ། གལ༌ཏེ། ད་ལྟ་དངོས་པོ་དེ་བཙལ་ནས་རྙེད༌ན། ངེད་གཉིས་ཀྱི་སྤུན་ཟླ་དག་གི་མིག་མདུན་དུ་བཤམས༌ཏེ། ཁོ་རྣམས་ལ་ངེད་གཉིས་བར་ཤན་འབྱེད་དུ༌བཅུག 38 བདག་ནི་ཁྱེད་ཀྱི་ཁྱིམ་དུ་ལོ་ངོ་ཉི་ཤུའི་རིང་ལ་བསྡད་མྱོང༌སྟེ། ཁྱེད་ཀྱི་མ་མོ་དང་ར་མ་ལ་མངལ་ཤོར་དུ་བཅུག་མ་མྱོང་བ༌དང༌། བདག་གིས་ཁྱེད་ཀྱི་ལུག་ཁྱུ་ལས་ལུག་ཐུག་གཅིག་ཀྱང་བཤས་མ༌མྱོང༌། 39 གཅན་གཟན་གྱིས་བསད་པའི་ལུག་རོ་དག་ཀྱང་ཁྱེད་ཀྱི་མདུན་དུ་ཁྱེར་མ་ཡོང་བར་རང་གིས་སྐྱིན་ཚབ་སྤྲད་པ༌དང༌། རྐུན་མས་ཉིན་མཚན་དབྱེ་བ་མེད་པར་བརྐུས་པ་དག་གི་ཚབ་ཀྱང་ཁྱེད་ཀྱིས་བདག་ལས་བླངས་པ༌ཡིན། 40 བདག་གིས་རྒྱུན་དུ་ཉིན་མོར་ཚ་བ་དང་མཚན་མོར་གྲང་ངར་གྱི་དཀའ་བ་མྱངས་ཤིང་གཉིད་ཀྱང་མ༌ཁུགས། 41 དེ་ལྟར་བདག་ནི་ལོ་ངོ་ཉི་ཤུའི་རིང་ལ་ཁྱེད་ཀྱི་ཁྱིམ་དུ་བསྡད༌ཅིང༌། ཁྱེད་ཀྱི་བུ་མོ་གཉིས་ཀྱི་ཆེད་དུ་ལོ་ངོ་བཅུ་བཞིའི་རིང་ཁྱེད་ལ་ཞབས་ཕྱི་བསྒྲུབས་པ༌དང༌། བདག་ལ་ར་ལུག་གི་ཁྱུ་འཐོབ་པའི༌ཕྱིར། བདག་གིས་ལོ་ངོ་དྲུག་གི་རིང་ཁྱེད་ལ་ཞབས་ཕྱི་བསྒྲུབས་པ༌དང༌། ཡང་ཁྱེད་ཀྱིས་བདག་གི་གླ་ཆ་ཐེངས་བཅུ་ལ་བསྒྱུར་ཏོ།། 42 གལ༌ཏེ། བདག་གི་ཕ་ཨི་སཱག་གུས་ཤིང་འཇིགས་པའི་དཀོན་མཆོག༌སྟེ། ཨབ་ར་ཧམ་གྱི་དཀོན་མཆོག་བདག་དང་མཉམ་དུ་གནས་མེད༌ན། ད་ལྟ་ཁྱེད་ཀྱིས་བདག་ལག་སྟོང་དུ་ཕྱིར་བདའ་བར༌ངེས། འོན༌ཀྱང༌། དཀོན་མཆོག་གིས་བདག་གི་སྐྱོ་སྡུག་དང་ངལ་བ་གཟིགས༌ཏེ། མདང་དགོང་ཁྱེད་ལ་བཀའ་བཀྱོན་གནང་བ་ཡིན་ཞེས་སྨྲས༌སོ།།
43 དེ་ནས་ལཱ་པན་གྱིས་ཡ་ཀོབ་ལ་འདི་ལྟར་ལན་བཏབ༌པ། བུ་མོ་འདི་གཉིས་ནི་བདག་གི་བུ་མོ་ཡིན་པ༌དང༌། བྱིས་པ་འདི་དག་ཀྱང་བདག་གི་བྱིས་པ་ཡིན༌ལ། ར་ལུག་གི་ཁྱུ་འདི་དག་ཀྱང་བདག་གི་ཡིན་པར་མ༌ཟད། ཁྱོད་ཀྱི་མིག་མདུན་དུ་ཡོད་པ་ཐམས་ཅད་བདག་གི་ཡིན༌མོད། འོན་ཀྱང་དེ་རིང་བདག་གི་བུ་མོ་གཉིས་དང་ཁོ་མོ་གཉིས་ཀྱིས་བཙས་པའི་བྱིས་པ་དག་ལ་བདག་གིས་ཅི་བྱ་འོས༌སམ། 44 ཤོག༌དང༌། ངེད་གཉིས་ཀྱིས་གྲོས་འཆམ་བཞག༌སྟེ། ངེད་གཉིས་བར་གྱི་དཔང་རྟགས་སུ་བྱའོ་ཞེས་སྨྲས་པ༌དང༌། 45 ཡང་ཡ་ཀོབ་ཀྱིས་རྡོ་ལེབ་ཅིག་གྱེན་དུ་བསྒྲེངས་ནས་ཀ་བ་རུ་བྱས༌ཏེ། 46 སྤུན་ཟླ་རྣམས་ལ་ན༌རེ། ཁྱོད་རྣམས་ཀྱིས་རྡོ་སྤུངས་རྒྱོབས་ཤིག་ཅེས་སྨྲས་པ་དང་ཁོ་རྣམས་ཀྱིས་དེ་ལྟར་བྱས་ཤིང་མི་ཚང་མས་རྡོ་སྤུངས་ཀྱི་འགྲམ་དུ་ཁ་ཟས༌སྤྱད། 47 ལཱ་པན་གྱིས་རྡོ་སྤུངས་དེ་ལ་ཡཱ་གར་སཱ་ཧ་དཱ་ཐཱ་ཞེས་མིང་བཏགས་པ༌དང༌། ཡ་ཀོབ་ཀྱིས་དེ་ལ་ག་ལེད་ *ཅེས༌བཏགས། 48 ལཱ་པན་ན༌རེ། དེ་རིང་གི་རྡོ་སྤུངས་འདི་ནི་ངེད་གཉིས་བར་གྱི་དཔང་རྟགས་ཡིན་ཞེས་སྨྲས་པའི་རྐྱེན༌གྱིས། ས་ཆ་འདིའི་མིང་ལ་ག་ལེད་ཅེས་ཟེར་བ༌དང༌། 49 ས་ཆ་འདིའི་མིང་ལ་མཱས་ཟི་ཕཱ་ཡང༌ཟེར། ཅིའི་ཕྱིར་ཞེ༌ན། ལཱ་པན་ན༌རེ། ངེད་རང་གཉིས་ཁ་བྲལ་བའི་རྗེས༌སུ། དཀོན་མཆོག་ཡ་ཝཱེས་ངེད་གཉིས་བར་དུ་ལྟ་རྟོགས་མཛད་པ༌དང༌། 50 གལ༌ཏེ། ཁྱོད་ཀྱིས་བདག་གི་བུ་མོ་གཉིས་ཀ་དཀའ་སྡུག་ལ་སྦྱར་བ༌དང༌། ཡང་བདག་གི་བུ་མོ་གཉིས་ཀའི་ཕན་ཆད་ནས་གཞན་ཞིག་ཆུང་མར་བླངས་པ་སུས་ཀྱང་མི་ཤེས༌ནའང༌། དཀོན་མཆོག་གིས་ངེད་གཉིས་བར་དུ་བདེན་དཔང་མཛད་པ་ཡིན་ཞེས་སྨྲས༌སོ།།
51 ཡང་ལཱ་པན་ན༌རེ། བདག་གིས་ངེད་གཉིས་བར་དུ་སྤུངས་པའི་རྡོ་སྤུངས་དང་གྱེན་དུ་བསྒྲེངས་པའི་ཀ་བ་ལ་ལྟོས༌དང༌། 52 རྡོ་སྤུངས་འདིས་བདེན་དཔང་བྱེད་པར་མ༌ཟད། ཀ་བ་འདིས་ཀྱང་བདེན་དཔང་བྱེད་པར་འགྱུར་བ༌དང༌། བདག་གིས་རྡོ་སྤུངས་འདི་ལས་བརྒལ་ནས་ཁྱོད་ལ་གནོད་པ་བྱེད་མི་སྲིད༌ལ། ཁྱོད་ཀྱིས་ཀྱང་རྡོ་སྤུངས་དང་ཀ་བ་འདི་ལས་བརྒལ་ནས་བདག་ལ་གནོད་པ་བྱེད་མི་རུང༌ངོ༌།། 53 ཨབ་ར་ཧམ་དང་ནཱ་ཧོར་གྱི་དཀོན་མཆོག༌སྟེ། ཁོ་གཉིས་ཀྱི་ཕ་ཡི་དཀོན་མཆོག་གིས་ངེད་གཉིས་བར་དུ་ལེགས་ཉེས་ཀྱི་ཤན་འབྱེད་པར་འགྱུར་ཞེས་སྨྲས༌སོ། །དེ་ནས་ཡ་ཀོབ་ཀྱིས་རང་གི་ཕ་ཨི་སཱག་གུས་ཤིང་འཇིགས་པའི་དཀོན་མཆོག་ལ་དམ་བཅས༌ཤིང༌། 54 ཡང་རི་སྒང་དུ་དམར་མཆོད་ཕུལ་བ༌དང༌། སྤུན་ཟླ་རྣམས་གདན་དྲངས་པ་དང་དེ་དག་གིས་ཁ་ཟས་སྤྱད་ནས་རི་སྒང་ནས་ཞག་སྡོད་བྱས༌སོ།། 55 དེ་ནས་ཞོགས་པར་ལཱ་པན་ཡར་ལངས་ཏེ་རང་གི་ཚ་བོ་དང་ཚ༌མོ། བུ་མོ་རྣམས་ལ་འོ་བྱས་པ་དང་བྱིན་རླབས་གནང་རྗེས་ཕྱིར་རང་ཡུལ་དུ་ལོག༌གོ །
* ལེའུ་སོ་གཅིག༌པ།:47 ག་ལེད་ཅེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་རྡོ་སྤུངས་དཔང་རྟགས་སུ་འཛིན་པ་ཞེས་པའི་དོན་ལ༌འཇུག