ལེའུ་ལྔ་བཅུ༌པ།
ཡ་ཀོབ་སྟེ་ཡེས་ར་ཨེལ་གྱི་བེམ་པོ་ཀ་ན་ཨན་ཡུལ་དུ་དུར་ལ་སྦས༌པ།
1 དེ་ནས་ཡོ་སེབ་རང་གི་ཕ་ཡི་གདོང་ལ་སྦར་ཏེ་མྱ་ངན་གྱི་ངང་ནས་ངུས་ཤིང་ཕ་ལ་འོ་བྱས༌སོ།།
2 ཡོ་སེབ་ཀྱིས་ཕ་ཡི་བེམ་པོར་དྲི་སྦྱོར་བྱེད་དགོས་ཚུལ་རང་ལ་ཞབས་ཕྱི་སྒྲུབ་མཁན་ཨམ་ཆིར་བཀའ་གནང་བ༌དང༌། ཨམ་ཆིས་ཀྱང་ཡེས་ར་ཨེལ་གྱི་བེམ་པོར་དྲི་སྦྱོར་བྱས༌པའོ།།
3 ཉིན་བཞི་བཅུའི་རིང་ལ་བེམ་པོར་སྤོས་ཆུ་དང་རྩྭ་སྨན་བྱུགས་ཤིང་རས་ཀྱིས་དཀྲིས་དགོས་པ༌དང༌། ཨེ་ཅིབ་མི་རིགས་ཀྱིས་ཉིན་བདུན་ཅུའི་རིང་ལ་མྱ་ངན་བྱས༌སོ།།
4 དེ་ནས་མྱ་ངན་གྱི་ཉིན་ལོངས་པ་དང་ཡོ་སེབ་ཀྱིས་ཕཱར་ཨོལ་གྱི་ཁྱིམ་མི་རྣམས་ལ་འདི༌ལྟར། གལ༌ཏེ། བདག་ལ་ཁྱོད་རྣམས་ཀྱི་མིག་མདུན་ནས་ཐུགས་རྗེ་ཐོབ༌ན་ཕཱར་ཨོལ་ལ་འདི་ལྟར།
5 བདག་གི་ཕ་ཚེ་ལས་འདའ༌ཁར། ཁོང་གིས་བདག་ལ་འདི་སྐད༌དུ། ང་རང་ད་ལྟ་འཆི་ལ༌ཉེ། ངས་ཀ་ན་ཨན་ཡུལ་དུ་རང་ལ་དུར་ས་བཟོས་ཡོད༌ལ། ཁྱོད་ཀྱིས་ངའི་བེམ་པོ་གནས་དེ་རུ་དུར་ལ་འཇུག་པར་གྱིས་ཞེས་བདག་ལ་དམ་བཅའ་འཇོག་ཏུ་བཅུག་ཡོད༌པས། ད་ལྟ་ཁྱེད་ཀྱིས་ང་རང་ཕ་ཡི་སྐུ་གདུང་དུར་ལ་འཇུག་ཏུ་འགྲོ་བར༌འཚལ། ཕྱིས་སུ་ང་རང་ཕྱིར་ཡོང་ངེས་ཡིན་ཞེས་ཞུ་བར་མཛོད་ཅེས་སྨྲས༌སོ།།
6 ཕཱར་ཨོལ་ན༌རེ། སོང༌དང༌། ཁྱོད་ཀྱི་ཕ་ཡིས་ཁྱོད་ལ་ཇི་ལྟར་དམ་བཅའ་འཇོག་ཏུ་བཅུག་ཡོད་པ༌བཞིན། ཁྱོད་ཀྱིས་ཁོང་གི་བེམ་པོ་དུར་ལ་འཇུག་པར་གྱིས་ཞེས་སྨྲས༌སོ།།
7 དེ་ནས་ཡོ་སེབ་ཡར་ཕ་ཡི་བེམ་པོ་དུར་དུ་འཇུག་པར༌ཆས། ཁོ་དང་མཉམ་དུ་ཕཱར་ཨོལ་གྱི་བློན་པོ༌དང༌། རྒན༌པོ། ཨེ་ཅིབ་རྒྱལ་ཁབ་ཀྱི་རྒན་པོ་བཅས༌དང༌།
8-9 གཞན༌ཡང༌། ཡོ་སེབ་ཀྱི་ཁྱིམ་མི་ཐམས་ཅད༌དང༌། ཁོའི་སྤུན་རྣམས༌དང༌། ཕ་ཡི་ནང་མི་རྣམས༌དང༌། ཤིང་རྟའི་དམག༌དང༌། སྐྱ་དམག་ཀྱང་སོང་བས་མི་གྲངས་ཤིན་ཏུ༌མང༌། ཁོ་རྣམས་ཀྱི་བུད་མེད༌དང༌། བྱིས༌པ། ར་ལུག༌གི་ཁྱུ། བ་གླང་གི་ཁྱུ་བཅས་གོ་ཤེན་ཡུལ་དུ་ལུས༌སོ།།
10 ཁོ་རྣམས་ཡོར་དན་གཙང་པོའི་ཕ་རོལ་གྱི་ཨ་ཐད་ཅེས་པའི་གཡུལ་ཁར་སླེབས་ཤིང་། མི་རྣམས་མྱ་ངན་གྱི་ངང་ནས་སྐད་གསང་མཐོན་པོས་ངུས་པ༌དང༌། ཡོ་སེབ་ཀྱང་གནས་དེ་ནས་ཉིན་བདུན་རིང་ལ་མྱ་ངན་གྱི་ངང་ནས་ངུས༌སོ།།
11 ཀ་ན་ཨན་མི་རིགས་ཀྱི་ཡུལ་མི་རྣམས་ཀྱིས་ཨ་ཐད་གཡུལ་ཁའི་མྱ་ངན་གྱི་ངུ་སྐད་ཐོས་ཏེ་ན༌རེ། འདི་ནི་ཨེ་ཅིབ་མི་རིགས་ཀྱི་མྱ་ངན་ཆེན་པོ་ཞིག་གོ་ཞེས༌སྨྲས། དེའི༌ཕྱིར། གནས་དེའི་མིང་ལ་ཧ་བེལ་མུས་རཱ་ཡིམ་ཞེས་བཏགས༌ཤིང༌། དེ་ཡོར་དན་གཙང་པོའི་ཤར་ཕྱོགས་སུ་མཆིས༌སོ།།
12 ཡེས་ར་ཨེལ་གྱི་བུ་རྣམས་ཀྱིས་ཕ་ཡི་ཁ་ཆེམས་ལྟར་བསྒྲུབས༌ཤིང༌།
13 ཁོང་གི་བེམ་པོ་ཀ་ན་ཨན་ཡུལ་གྱི་མཱན་རེའེ་ས་ཆའི་མདུན་ཕྱོགས་ཏེ་མཱག་ཕེ་ལཱའི་ཞིང་ནང་དུ་ཡོད་པའི་བྲག་ཁུང་དུ་དུར་ལ༌བཅུག བྲག་ཁུང་དེ་དང་ཞིང་ས་དེ་ནི་ཨབ་ར་ཧམ་གྱིས་ཧེ་བི་མི་རིགས་ཀྱི་ཨེབ་རོན་ལས་ཉོས་ཏེ་དུར་ས་བྱས༌པའོ།།
14 ཡོ་སེབ་ཀྱིས་ཕ་ཡི་བེམ་པོ་དུར་དུ་བཅུག༌རྗེས། རང་གི་སྤུན་དང་དུར་འཇུག་པ་གཞན་རྣམས་དང་མཉམ་དུ་ཨེ་ཅིབ་ཡུལ་དུ་ཕྱིར་ལོག་གོ །
ཡོ་སེབ་ཀྱིས་སྤུན་རྣམས་ལ་སེམས་གསོ་མཛད༌པ།
15 དེ་ཡང་ཡོ་སེབ་ཀྱི་སྤུན་རྣམས་ཀྱིས་ཕ་ཚེ་ལས་འདས་པ་མཐོང་ནས་འདི༌ལྟར། ཡོ་སེབ་རང་ཅག་རྣམས་ལ་སྡང་སྲིད༌དེ། སྔོན་ཆད་རང་ཅག་གིས་ཁོ་ལ་གནོད་འཚེ་བྱས་མྱོང༌བས། ཁོས་ད་ལྟ་འཁོན་ལན་སློག་ངེས་ཡིན་ཞེས་སྨྲས་པ༌དང༌།
16 སྤུན་རྣམས་ཀྱིས་མི་ཞིག་ཡོ་སེབ་ཀྱི་དྲུང་དུ་མངགས༌ཏེ། ཕ་ཚེ་ལས་མ་འདས་པའི་སྔོན་ལ་ཁོང་གིས་ངེད་ཅག་ལ་འདི་སྐད༌དུ།
17 ཁྱོད་ཅག་གིས་ཡོ་སེབ་ལ་འདི་ལྟར་སྨྲ་བར༌གྱིས། སྔོན་ཆད་སྤུན་རྣམས་ཀྱིས་ཁྱོད་ལ་གནོད་འཚེ་བྱས༌ཤིང༌། ཁྱོད་ཀྱིས་ཁོ་རྣམས་ཀྱི་སྡིག་ཉེས་ལ་གུ་ཡངས་གཏོང་བར་མཛོད་ཅིག་ཅེས་ཞུ་བ་བྱོས་ཤིག་ཅེས་སྨྲས་མྱོང༌ལ། ད་ལྟ་ཁྱོད་ཀྱིས་ཕ་ཡི་དཀོན་མཆོག་གི་ཞབས་ཕྱི་པ་ངེད་རྣམས་ཀྱི་ཉེས་སྐྱོན་ལ་གུ་ཡངས་གཏོང་བར་མཛོད་ཅིག་ཅེས་ངག་འཕྲིན༌བསྐུར། སྤུན་རྣམས་ཀྱིས་ཡོ་སེབ་ལ་དེ་ལྟར་སྐད་བསྐུར་བས་ཡོ་སེབ་ངུས༌སོ།།
18 དེ་ནས་ཡོ་སེབ་ཀྱི་སྤུན་རྣམས་ཁོའི་དྲུང་དུ་སླེབས་པ་དང་ལུས་པོ་སར་བཏུད་དེ་ན༌རེ། ངེད་ཅག་ཁྱོད་ཀྱི་ཞབས་ཕྱི་པ་ཡིན་ཞེས་སྨྲས༌སོ།།
19 ཡོ་སེབ་ན༌རེ། ཁྱོད་རྣམས་འཇིགས་མི་དགོས༌ཏེ། བདག་གིས་དཀོན་མཆོག་གི་ཚབ་བྱེད་ག་ལ༌ནུས།
20 སྔོན་ཆད་ཁྱོད་ཅག་གིས་བདག་ལ་གནོད་པ་བྱེད་འདོད༌ནའང༌། དཀོན་མཆོག་གིས་ལས་བཟང་པོའི་ཕྱོགས་སུ་དགོངས༌ཏེ། མི་མང་པོ་ཞིག་གི་ཚེ་སྲོག་སྐྱོབ་པའི་ཕྱིར་ད་ལྟའི་རྣམ་པ་འདི་བྱུང་བ༌ཡིན།
21 ད་ལྟ་ཁྱོད་རྣམས་འཇིགས་མི་དགོས༌ཏེ། ངས་ཁྱོད་ཅག་དང་ཁྱོད་རྣམས་ཀྱི་བུད་མེད་དང་བྱིས་པ་བཅས་གསོ་བར་བྱ་ཞེས་སྨྲས༌ཤིང༌། ཡོ་སེབ་ཀྱིས་སྙིང་ཉེ་བའི་གཏམ་གྱིས་སྤུན་རྣམས་ལ་སེམས་གསོ་བྱས༌སོ།།
ཡོ་སེབ་ཚེ་ལས་འདས༌པ།
22 དེ་ཡང་ཡོ་སེབ་དང་རང་གི་ཕ་ཡི་གཉེན་ཉེ་རྣམས་ཨེ་ཅིབ་ཡུལ་དུ་བཞུགས༌ཤིང༌། ཡོ་སེབ་བསྡོམས་པས་ལོ་བརྒྱ་དང་བཅུ་ལ་བཞུགས༌སོ།།
23 ཡོ་སེབ་ཀྱིས་ཨེ་ཕཱར་ཡིམ་གྱི་མི་རབས་གསུམ་པའི་ཚ་བོ་རྣམས་མཐོང་ཐུབ་པར་གྱུར་པ༌དང༌། མཱ་ན་ཤེ་ཡི་བུ་མཱ་ཀིར་ཞེས་བྱ་བའི་བུ་རྣམས་ཀྱང་ཡོ་སེབ་ཀྱི་དྲུང་དུ་སྐྱེས༌པའོ།།
24 དེ་ནས་ཡོ་སེབ་ཀྱིས་རང་གི་སྤུན་རྣམས་ལ་འདི་སྐད༌དུ། བདག་ནི་འཆི་ལ༌ཉེ། འོན་ཀྱང་དཀོན་མཆོག་གིས་ཁྱོད་རྣམས་ལ་གཟིགས་སྐྱོང་གནང་ངེས་པ༌དང༌། ཁྱོད་རྣམས་ཡུལ་འདི་ནས་ལམ་ལ་ཆས་ཏེ། ཁོང་གིས་དེ་སྔར་ཨབ་ར་ཧམ༌དང༌། ཨི༌སཱག ཡ་ཀོབ་བཅས་ལ་གནང་བར་མནའ་བཞེས་པའི་ཡུལ་དེར་འཁྲིད་ངེས་ཡིན་ཞེས་སྨྲས༌པའོ།།
25 ཡང་ཡོ་སེབ་ཀྱིས་ཡེས་ར་ཨེལ་གྱི་བུ་རབས་ཚ་རྒྱུད་རྣམས་ལ་དམ་བཅའ་འཇོག་ཏུ་བཅུག་སྟེ་འདི་སྐད༌དུ། དཀོན་མཆོག་གིས་ཁྱོད་རྣམས་ལ་གཟིགས་སྐྱོང་མཛད་ངེས༌ཤིང༌། ཁྱོད་ཅག་གིས་བདག་གི་རུས་པ་ཡུལ་འདི་ནས་ཡར་འཁྱེར་བར་མཛོད་ཅིག་ཅེས་སྨྲས༌སོ།།
26 དེ་ལྟར་ཡོ་སེབ་དགུང་ལོ་བརྒྱ་དང་བཅུ་ལ་བཞུགས་ཏེ་སྐུ་གཤེགས་པ༌རེད། མི་རྣམས་ཀྱིས་ཁོང་གི་སྐུ་གདུང་ལ་དྲི་སྦྱོར་བྱས་ཏེ་ཨེ་ཅིབ་ཡུལ་ནས་སྤུར་སྒམ་ནང་དུ་བཞག༌གོ ། །།