ལེའུ་བཅུ་གཅིག་པ།
འབངས་གྱེན་ལོག་ལ་སྙིང་རྗེས་གཟིགས་པ།
ཡེས་ར་ཨེལ་ན་གཞོན་ཡིན་དུས་ངས་དེ་ལ་བྱམས་ཤིང་། བདག་གིས་ཨེ་ཅིབ་ཡུལ་ནས་རང་གི་བུ་བོས་པ་ཡིན། དེ་ཚོ་ཅི་ལྟར་བོས་ན་དེ་ལྟར་རྒྱང་བཀྱེད་ནས་པཱ་ཨལ་ལ་མཆོད་པ་ཕུལ་ཞིང་། ལྷ་སྐུ་རྣམས་ལ་བདུག་སྤོས་བདུགས། ངས་ཨེ་ཕཱར་ཡིམ་གྱི་དཔུང་པས་བསྐྱོར་ནས་ལམ་བསྟན་ཡང་། ངས་དེ་དག་གསོས་པ་ཁོ་ཚོས་མ་ཤེས། ངས་བྱམས་སྙིང་རྗེས་དེ་རྣམས་དྲངས་ཤིང་། ཡང་བ་གླང་གི་གཉའ་ཤིང་ལེན་མཁན་ལྟར་དེ་དག་གི་གཉའ་ཤིང་བླངས་ནས། མར་བསྒུར་ཏེ་ཁོ་ཚོའི་མདུན་དུ་ཁ་ཟས་བཞག་པ་ཡིན། ཁོ་རྣམས་སླར་ཨེ་ཅིབ་ཡུལ་དུ་ལོག་མི་དགོས་ཀྱང་། ཁོ་རྣམས་ངའི་ཕྱོགས་སུ་མི་འཁོར་བས་ན་ཨ་སུར་པ་ནི་དེ་དག་གི་རྒྱལ་པོར་འགྱུར་རོ། ། ཡང་ཁོ་ཚོའི་གྲོང་ཁྱེར་རྣམས་ལ་རལ་གྲི་གཡུགས་ནས་སྒོ་གཏན་རྣམས་བཅག་སྟེ། དེ་དག་གི་གྲོས་ངན་པའི་དབང་གིས་ཁོ་ཚོ་མིད་པར་འགྱུར་རོ། ། ངའི་མི་རིགས་བསམ་བཞིན་ང་དང་བྲལ་ཞིང་། ཁོ་ཚོས་ངུ་འབོད་བྱས་ནའང་ཁོ་རྣམས་ཀྱིས་འཁུར་བའི་གཉའ་ཤིང་འབོགས་མཁན་ཡོད་མ་ཡིན། ཀྱེ་ཨེ་ཕཱར་ཡིམ། ངས་ཁྱོད་རང་འདོར་ག་ལ་རུང་། ཀྱེ་ཡེས་ར་ཨེལ། ངས་ཁྱོད་རང་གཞན་གྱི་ལག་ཏུ་གཏོད་ག་ལ་སྲིད། ངས་ཁྱོད་རང་ཨད་མཱ་དང་ཚཱ་བོ་ཡིམ་ལྟར་འཇོག་ག་ལ་རུང་། ངས་བློ་ཁ་བསྒྱུར་ནས་སྙིང་རྗེ་ཡི་བསམ་པ་མེ་ལྟར་འབར་རོ། ། ང་རང་ཤིན་ཏུ་ཁྲོ་བར་མི་བྱ་ཞིང་། ཨེ་ཕཱར་ཡིམ་ཡང་མེད་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། ང་ནི་དཀོན་མཆོག་ཡིན་པ་ལས་མི་ནི་མ་ཡིན་ལ། ཁྱོད་ཀྱི་དབུས་སུ་དམ་པ་ཉིད་དེ་ཡིན་པས། ཁོང་ཁྲོ་དང་བཅས་ཁྱོད་རྣམས་ཀྱི་རྩར་འབྱོན་པར་མི་བྱའོ། ། 10 དཀོན་མཆོག་ཡ་ཝཱེས་སེང་གེ་ལྟར་ང་རོ་འདོན་ཞིང་། ཁོང་གི་བུ་ཕྲུག་རྣམས་ཁོང་གི་རྗེས་སུ་འབྲང་ངེས་ཡིན། ཁོང་གིས་ང་རོ་འདོན་པའི་ཚེ་བུ་ཕྲུག་རྣམས་ནུབ་ཕྱོགས་ནས་སྐྲག་སྐྲག་འདར་འདར་ངང་འོང་བར་འགྱུར། 11 ཁོ་རྣམས་ཨེ་ཅིབ་ཡུལ་ནས་བྱ་བཞིན་དང་ཨ་སུར་ཡུལ་ནས་ཕུག་རོན་བཞིན་དུ་སྐྲག་སྐྲག་འདར་འདར་ངང་འོང་བ་དང་། ངས་དེ་དག་རང་གི་ཁང་པ་རུ་སྡོད་དུ་འཇུག་གོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། །
12 ཨེ་ཕཱར་ཡིམ་གྱིས་རྫུན་གཏམ་དང་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཀྱིས་གཡོ་སྒྱུ་ཡིས་ང་རང་བསྐོར་ཞིང་། ཡ་ཧུ་དཱས་སྔར་བཞིན་དཀོན་མཆོག་ལ་ངོ་རྒོལ་བྱེད་དེ། བློ་གཏོད་རུང་བའི་དམ་མཆོག་ཁོང་ལ་ངོ་རྒོལ་བྱེད་པའོ། །