ལེའུ་བཅོ་བརྒྱད་པ།
གུ་ཤ་སྐོར་གྱི་ལུང་བསྟན།
གུ་ཤ་གཙང་པོའི་ཕ་རོལ་ན། གྲུ་གཟིངས་རླུང་ལྟར་སྐྱོད་པའི་ཡུལ་ལ་ཆག་སྒོ་འབྱུང་། དེ་ནི་རྒྱུན་དུ་ཕོ་ཉ་མངགས་ཏེ་ཆུ་སྟེང་དུ་པ་པི་རཱའི་གྲུ་ལ་བསྡད་དེ་རྒྱ་མཚོ་བརྒལ་བའི་གནས་ཡིན་ཞིང་། སོང་དང་འགྲོས་མྱུར་ཕོ་ཉ་རྣམས། གཟུགས་རིང་ཞིང་སྐྱི་མོ་འཇམ་པའི་རྒྱང་ཐག་ཉེ་རིང་གི་མི་ཀུན་སྐྲག་པའི་མི་རིགས་དེ་རྩར་སོང་དང་། རྒྱལ་ཁབ་དེ་ནི་སྟོབས་འབྱོར་ལྡན་ཞིང་མི་ལ་ཐུབ་ཚོད་བྱེད་མཁན་ཡིན་ཏེ། གཙང་པོས་དེ་དག་གི་ས་ཞིང་བགོས་སོ། །
ཀྱེ་ས་གཞི་ཡོངས་སུ་གནས་ཤིང་ས་སྟེང་དུ་སྡོད་པའི་ཡུལ་མི་རྣམས། རི་ནས་དར་སྒྲེང་བའི་དུས་སུ་ཁྱོད་ཀྱིས་ལྟོས་ཤིག རྭ་དུང་འབུད་པའི་ཚེ་ཁྱོད་ཀྱིས་ཉོན་ཅིག ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ཉི་མའི་འོད་ཟེར་ལས་འཕྲོས་པའི་ཚ་རླངས་དང་། ལོ་ཏོག་སྡུད་དུས་ཀྱི་ཚ་བའི་ཁྲོད་ཟིལ་པའི་རླངས་པ་ཡོད་པ་ཇི་བཞིན། ངས་རང་གི་བཞུགས་གནས་ནས་འཇམ་ཐིང་ངེ་གཟིགས་ཡོད་ཅེས་གསུངས་སོ། ། ལོ་ཏོག་མ་བསྡུས་སྔོན་དང་མེ་ཏོག་གི་གང་བུ་བཞད་ཚར་ཏེ་རྒུན་འབྲུམ་སྨིན་ལ་ཁེལ་བའི་དུས་སུ། ཁོང་གིས་ལྕུག་ཕྲན་དང་ཡོངས་སུ་རྒྱས་པའི་ཡལ་འདབ་རྣམས་ཟོར་བས་གཅོད་དོ། ། དེ་དག་ཐམས་ཅད་དོར་ནས་རི་བོའི་བྱ་རྒོད་དང་ས་ཡི་རི་དྭགས་ལ་སྟེར་ཞིང་། བྱ་རྒོད་དག་གིས་དེ་ཁ་ཟས་སུ་སྤྱད་ནས་དབྱར་སྐྱེལ་བ་དང་། སའི་རི་དྭགས་ཀུན་གྱིས་དེ་ཟོས་ནས་དགུན་སྐྱེལ་བའོ། །
དུས་དེར། མཐོ་ཞིང་འཇམ་པའི་རྒྱང་ཐག་ཉེ་རིང་གི་མི་ཀུན་སྐྲག་པའི་མི་རིགས་ཏེ། སྟོབས་འབྱོར་ལྡན་ཞིང་མི་ལ་ཐུབ་ཚོད་བྱེད་པའི་རྒྱལ་ཁབ། གཙང་པོས་ས་ཞིང་བགོས་ཡོད་པ་དེ་དག་གིས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེར་ཕྱག་རྟགས་འབུལ་ཞིང་། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་མཚན་དང་ལྡན་པའི་རི་བོ་ཛ་ཡན་དུ་འཁྱེར་འོང་བར་འགྱུར་རོ། །