ལེའུ་ཉེར་ལྔ་པ།
བསྟོད་དབྱངས།
1 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ནི་ང་ཡི་དཀོན་མཆོག་ཡིན་ཏེ། ངས་ཁྱེད་ལ་བསྟོད་ཅིང་ཁྱེད་ཀྱི་མཚན་ལ་བསྔགས་པར་བྱ། ཅི་ལ་ཞེ་ན། ཁྱེད་ཀྱིས་དྲང་བདེན་ཆ་ཡོངས་སུ་རྫོགས་པའི་ངང་ནས་ངོ་མཚར་ཅན་གྱི་དོན་རྣམས་མཛད་ཅིང་། དེ་ནི་ཁྱེད་ཀྱིས་གནའ་དུས་ནས་ཐུགས་སུ་བཅངས་པའི་དོན་ཡིན་ནོ། །
2 ཁྱེད་ཀྱིས་གྲོང་ཁྱེར་རྣམས་ཞིག་རལ་དུ་མཛད་པ་དང་། མཁར་བརྟན་པོ་རྣམས་དབེན་སྟོང་དུ་མཛད་དེ། ཕྱི་ཕྱོགས་པའི་མཁར་རྫོང་རྣམས་བཤིག་ཅིང་། སླར་ཡང་བརྩིག་པར་མི་བྱའོ། །
3 དེ་བས་མི་རིགས་སྟོབས་ལྡན་ཅན་གྱིས་ཁྱེད་ཀྱི་གཟི་བརྗིད་མངོན་ཞིང་། གྲོང་ཁྱེར་གདུག་རྩུབ་ཅན་རྣམས་ཀྱང་ཁྱེད་ལ་གུས་ཤིང་འཇིགས་པར་འགྱུར།
4 ཁྱེད་ནི་སྐྱོ་བོ་རྣམས་ཀྱི་སྐྱབས་དང་། དབུལ་པོའི་དཀའ་སྡུག་ཁྲོད་ཀྱི་སྐྱབས་གནས་དང་། ཆར་རླུང་དྲག་པོ་ལས་གཡོལ་བའི་སྦས་ས་དང་། ཚ་ངད་ཆེན་པོ་ལས་གཡོལ་བའི་གྲིབ་བསིལ་ལྟ་བུ་ཡིན་ཏེ། བཙན་ཤུགས་ཅན་གྱིས་བརྒྱབ་པའི་དབུགས་ནི་རྩིག་ངོར་རྒྱག་པའི་དྲག་རླུང་དང་འདྲའོ། །
5 སྐམ་སའི་ཚ་བ་ཉམས་པར་མཛད་པ་བཞིན་ཁྱེད་ཀྱིས་ཕྱི་ཕྱོགས་པའི་ཀུ་ཅོ་མེད་པར་མཛད་པ་དང་། སྤྲིན་གྱིས་ཚ་རླངས་འཇོམས་པ་བཞིན་ཁྱེད་ཀྱིས་གདུག་རྩུབ་ཅན་གྱི་རྒྱལ་ཁའི་གླུ་དབྱངས་མཚམས་བཅད་དོ། །
6 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་རི་བོ་འདི་ནས་མི་ཐམས་ཅད་ཀྱི་ཕྱིར་དུ་ཕུན་སུམ་ཚོགས་པའི་གསོལ་སྟོན་བཤམས་ཤིང་། དེའི་ནང་དུ་ལོ་ཆང་དང་རྐང་མར་ཞིམ་པོ། བདུད་རྩི་མངར་མོ་བཅས་ཡོད།
7 ཡང་ཁོང་གིས་རི་བོ་འདི་ནས་མི་ཐམས་ཅད་གཡོགས་པའི་ཡོལ་བ་དང་། རྒྱལ་ཁབ་ཀུན་ལ་བཀབ་པའི་རས་མེད་པར་མཛད་དེ།
8 ཁོང་གིས་འཆི་བ་ནི་དུས་གཏན་དུ་ཁྱུར་མིད་བཏང་ཞིང་། གཙོ་བོ་ཡ་ཝཱེས་མི་རེ་རེའི་གདོང་གི་མཆི་མ་ཕྱིས་ནས། ཉིད་ཀྱི་མི་སྡེའི་ངོ་ཚ་ནི་ས་གཞི་ཡོངས་ནས་མེད་པར་མཛད་ཅེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། །
9 ཉིན་མོ་དེར་མི་ན་རེ། ལྟོས་དང་། འདི་ནི་ང་ཚོའི་དཀོན་མཆོག་ཡིན་ཏེ། ང་ཚོ་ཁོང་ལ་དད་ཅིང་བརྟེན་པ་ཡིན་ན་ཁོང་གིས་ང་ཚོ་སྐྱོབ་པར་འགྱུར། འདི་ནི་ང་ཚོ་བརྟེན་སའི་དཀོན་མཆོག་ཡ་ཝཱེ་ཡིན། ང་ཚོ་ནི་ཁོང་གི་ཐར་པའི་ལམ་ནས་དགའ་ཞིང་སྤྲོ་བར་བྱ་ཞེས་པའོ། །
10 དེ་ནས་དཀོན་མཆོག་ཡ་ཝཱེའི་ཕྱག་ནི་རི་བོ་འདིར་འཇོག་མོད་ཀྱང་། མོ་ཨབ་པ་རྣམས་རང་ཡུལ་ནས་རྡོག་རྫིས་གཏོང་བར་འགྱུར་ཞིང་། དེ་ནི་བཤང་གཅི་རློན་པའི་ནང་དུ་སོག་མ་བརྫིས་པ་བཞིན་ཡིན་ལ།
11 ཁོ་ཚོས་ལག་པ་བརྐྱངས་ནས་ཆུ་ལ་རྐྱལ་བ་ལྟར་དེའི་ནང་ནས་ལག་པ་རྐྱོང་ནའང་། དཀོན་མཆོག་ཡ་ཝཱེས་དེ་ཚོའི་ང་རྒྱལ་དང་ལག་གི་རྩལ་ཐམས་ཅད་ཉམས་པར་མཛད་དེ།
12 དཀོན་མཆོག་ཡ་ཝཱེས་དེ་ཚོའི་མཐོ་ཞིང་བརྟན་པའི་མཁར་རྣམས་སར་བསྒྱེལ་ནས་རྡུལ་དུ་བརླགས་སོ། །