ལེའུ་སོ་ལྔ་པ།
ཐར་པ་ཐོབ་པའི་བདེ་བ།
1 དབེན་སྟོང་དང་སྐམ་ས་སྤྲོ་བར་འགྱུར་ཞིང་། ཐང་སྟོང་དགའ་བས་ཁྱབ་ནས་མེ་ཏོག་གུར་ཀུམ་བཞིན་བཞད་པར་འགྱུར།
2 དེ་ལ་ལོ་འདབ་རྒྱས་ནས་མེ་ཏོག་བཞད་དེ། དགའ་མགུའི་འབོད་སྒྲ་སྒྲོག་བཞིན་བདེ་སྐྱིད་ཀྱི་དཔལ་ལ་རོལ། ལེ་པཱ་ནོན་གྱི་གཟི་བརྗིད་དང་། ཀར་མེལ་དང་ཤཱ་རོན་གྱི་གཟི་བྱིན་ཡང་དེ་ལ་གནང་བ་དང་། མི་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་གཟི་བརྗིད་དང་ང་ཚོའི་དཀོན་མཆོག་གི་གཟི་བྱིན་མཇལ་བར་འགྱུར་རོ། །
3 ཁྱོད་ཅག་གིས་ལག་ཤེད་ཉམས་པ་རྣམས་ལ་སྟོབས་འཇུག་པ་དང་། པུས་མོ་འདར་བ་རྣམས་བརྟན་པོར་བྱས་ནས།
4 སེམས་ཁྲལ་ཅན་རྣམས་ལ། ཁྱོད་རྣམས་ཞུམ་པ་མེད་པར་སྙིང་སྟོབས་སྐྱེད་ཅིག ལྟོས་དང་། ཁྱོད་རྣམས་ཀྱི་དཀོན་མཆོག་ལན་འཇལ་བར་ཕེབས་ཤིང་། ཁོང་གིས་ཁྱོད་རྣམས་སྐྱོབ་པར་འགྱུར་ཞེས་སྨྲོས་ཤིག
5 དུས་དེར་ལོང་པ་རྣམས་ཀྱི་མིག་འབྱེད་ཅིང་། འོན་པ་རྣམས་ཀྱི་རྣ་བས་ཐོས་པ་དང་།
6 དུས་དེར། ཞ་བོ་རྣམས་ཤྭ་བ་ལྟར་མཆོང་ཞིང་། ལྐུགས་པའི་ལྕེ་ཡིས་སྤྲོ་གླུ་ལེན་པར་འགྱུར། དབེན་སྟོང་ནས་ཆུ་ཐོན་ཞིང་། བྱེ་ཐང་རྣམས་ལས་གཙང་པོ་བཞུར་བར་འགྱུར།
7 མེ་ལྟར་ཚ་བའི་བྱེ་ཐང་ནི་རྫིང་བུ་རུ་འགྱུར་བ་དང་། སྐམ་ས་རྣམས་སུ་ཆུ་མགོ་བརྡོལ་ཞིང་། ཁྱི་སྤྱང་ཉལ་བའི་གནས་སུ་རྩྭ་སྔོན་དང་འདམ་བུ། འདམ་རྩྭ་པ་པི་རཱ་བཅས་སྐྱེ་བར་འགྱུར།
8 དེ་རུ་ལམ་ཆེན་ཞིག་ཡོད་པ་ལ་དམ་པའི་ལམ་ཞེས་འབོད་ཅིང་། མི་གཙང་པ་རྣམས་ལམ་དེར་འགྲོ་བར་མི་བྱ་སྟེ། ལམ་དེ་ནི་དྲང་ལམ་སྐྱོད་མཁན་རྣམས་ཀྱི་ཕྱིར་དུ་སྟ་གོན་མཛད་པས། གླེན་པ་ཡིན་ཡང་ལམ་དེ་ནས་གཟུར་བར་མི་འགྱུར་རོ། །
9 གནས་དེར་སེང་གེ་མེད་ལ་གཅན་གཟན་གདུག་རྩུབ་ཅན་རྣམས་ཀྱང་མི་འགྲོ་སྟེ། བླུས་པ་རྣམས་འབའ་ཞིག་དེར་སྐྱོད་པ་ལས། སེང་གེ་དང་གཅན་གཟན་ལ་འཕྲད་པར་མི་འགྱུར།
10 དཀོན་མཆོག་ཡ་ཝཱེས་བླུས་པའི་མི་རྣམས་ཕྱིར་ལོག་ཅིང་། གླུ་ལེན་བཞིན་ཛ་ཡན་ལ་སླེབ་ངེས། མཐའ་མེད་པའི་དགའ་སྤྲོ་ནི་ཅོད་པན་བཞིན་དེ་དག་གི་སྟེང་དུ་འབབ་པ་དང་། དེ་རྣམས་དགའ་ཞིང་སྤྲོ་བར་གྱུར་ནས་སྡུག་བསྔལ་དང་ཤུགས་རིང་མེད་པར་འགྱུར་རོ། །