ལེའུ་ཞེ་གཅིག་པ།
ཡེས་ར་ཨེལ་གྱི་ར་མདའ།
ཀྱེ་གླིང་ཕྲན་རྣམས། ཁྱོད་རྣམས་ངའི་མདུན་དུ་ཁུ་སིམ་པོར་སྡོད་ཅིག མི་སྡེ་ཀུན་ལ་ཡང་བསྐྱར་སྟོབས་ཤུགས་འཛོམ་པར་གྱུར་ཅིག ཁོ་ཚོར་ཉེ་བར་འོངས་ནས་གཏམ་གླེང་བྱེད་དུ་ཆུག་དང་། རང་ཅག་མཉམ་དུ་འདུས་ཏེ་རྩོད་གླེང་བྱ། སུ་ཞིག་གིས་ཤར་ཕྱོགས་ནས་མི་ཞིག་ལ་བསྐུལ་ཞིང་། དྲང་གཞག་སྒོ་ནས་མི་དེ་ *རང་གི་མདུན་སར་འདྲེན་ནམ། ཁོང་གིས་རྒྱལ་ཁམས་ཐམས་ཅད་དེའི་མདུན་དུ་གཏོད་ཅིང་། ཁོང་གིས་རྒྱལ་པོ་ཀུན་དབང་དུ་བསྡུ་བ་དང་། རལ་གྲི་ཐོགས་ནས་དེ་དག་རྡུལ་དུ་བརླག་ཅིང་། དེ་དག་ཉིད་ཀྱི་གཞུ་འོག་ཏུ་སོག་མ་བཞིན་འཁུར་བར་མཛད། ཁོང་གིས་དེ་དག་དེད་ནས་ཚེགས་མེད་དུ་རང་ཉིད་བརྒྱུད་མ་མྱོང་བའི་ལམ་དུ་འགྲོ་བར་མཛད། སུ་ཞིག་གིས་འདི་དག་བཀོད་ཅིང་མཛད་དེ། སུ་ཞིག་གིས་ཐོག་མའི་དུས་ནས་མི་རབས་ཀུན་ལ་ཞལ་འབོད་གནང་བ་ཡིན་ནམ། དེ་ནི་དཀོན་མཆོག་ཡ་ཝཱེ་ང་རང་སྟེ། བདག་ནི་ཐོག་མ་ཉིད་དང་མཐའ་མའི་མི་དང་མཉམ་དུ་གནས་པའང་ང་རང་ཡིན།
གླིང་ཕྲན་རྣམས་ཀྱིས་མཐོང་ནས་འཇིགས་ཤིང་། ས་གཞིའི་མཐའ་མཚམས་རྣམས་ཀྱང་འདར་ནས་ཐམས་ཅད་ཉེ་སར་འོང་ངོ་། ། མི་རེ་རེས་ཕན་ཚུན་ལ་རོགས་བྱེད་ཅིང་། རང་གི་སྤུན་ཟླར་ན་རེ། སྙིང་རུས་སྐྱེད་ཅིག་ཅེས་སྨྲ་བ་ཡིན། ཤིང་བཟོས་གསེར་མགར་བརྟན་པོར་མཛད་པ་དང་། ཐོ་བས་ལྕགས་རིགས་ལ་འཇམ་ཤ་བཏོད་མཁན་གྱིས་འོག་རྡོ་སྟེང་རྡུང་མཁན་ལ་སྐུལ་འདེབས་བྱེད་པ་ཡིན། ཚ་ལ་རྒྱག་མཁན་ལ་ཚ་ལ་བརྒྱབ་པ་ལེགས་སོ་ཟེར་ཞིང་། སྐུ་འདྲ་མི་གཡོ་བའི་ཕྱིར་དུ་འཛེར་མས་བརྟན་པོར་བྱེད་དོ། ། ཡིན་ཡང་བདག་གི་ཞབས་ཕྱི་ཡེས་ར་ཨེལ་ལགས། ཀྱེ་བདག་གི་གྲོགས་ཨབ་ར་ཧམ་གྱི་བུ་རྒྱུད་དེ་བདག་གིས་བདམས་པའི་ཡ་ཀོབ་ལགས། ཁྱོད་ནི་ས་མཐའ་ནས་བདག་གིས་ཁྲིད་འོངས་ཤིང་། བདག་གིས་ས་ཐག་རིང་པོ་ནས་ཁྱོད་བོས་འོངས་ཏེ་ཁྱོད་ལ་ན་རེ། ཁྱོད་ནི་ངའི་ཞབས་ཕྱི་སྟེ། བདག་གིས་ཁྱོད་བདམས་ཤིང་མ་དོར་བ་ཡིན་ཞེས་སྨྲས་པ་ཡིན། 10 བདག་ནི་ཁྱོད་དང་མཉམ་དུ་ཡོད་པས་མ་འཇིགས་ཤིག བདག་ནི་ཁྱོད་ཀྱི་དཀོན་མཆོག་ཡིན་པས་དཔའ་མ་ཞུམ། བདག་གིས་ཁྱོད་རང་བརྟན་པོར་བྱེད་ཅིང་ཁྱོད་ལ་རོགས་བྱས་ནས། བདག་གི་དྲང་གཞག་གི་ལག་གཡས་པས་ཁྱོད་རང་སྐྱོར་བར་བྱའོ། །
11 ལྟོས་དང་། ཁྱོད་ལ་ཁོང་ཁྲོ་ལང་མཁན་རྣམས་ཁ་སྐྱེངས་ཤིང་བརྙས་བཅོས་ཐེབས་པར་འགྱུར། ཁྱོད་དང་རྒོལ་མཁན་རྣམས་སྟོང་ཞིང་མེད་པར་འགྱུར་ངེས་ཡིན། 12 ཁྱོད་དང་རྩོད་མཁན་རྣམས་ཁྱོད་ཀྱིས་བཙལ་ཡང་མི་རྙེད་ཅིང་། ཁྱོད་དང་འཐབ་མཁན་རྣམས་སྟོང་ཞིང་ཅི་ཡང་མིན་པར་འགྱུར། 13 གང་ལ་ཞེ་ན། བདག་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ཡིན་ཞིང་ངས་ཁྱོད་ཀྱི་གཡས་ལག་ནས་བཟུང་སྟེ། མ་འཇིགས་ཤིག བདག་ནི་ཁྱོད་ལ་གྲོགས་མཛད་མཁན་ཡིན་ཞེས་སྨྲའོ། །
14 ཀྱེ་སྲིན་འབུ་ལྟ་བུའི་ཡ་ཀོབ། ཀྱེ་ཡེས་ར་ཨེལ་པ་རྣམས། ཁྱོད་རྣམས་མ་འཇིགས་ཤིག ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཁྱོད་རང་སྐྱོབ་མཁན་ཏེ། ཡེས་ར་ཨེལ་གྱི་དམ་པ་ཉིད་ཀྱིས་ངས་ཁྱོད་ལ་གྲོགས་མཛད་པར་བྱའོ་ཞེས་གསུངས་སོ། ། 15 ལྟོས་དང་། བདག་གིས་ཁྱོད་རང་གསར་ཞིང་རྣོ་ལ་སོ་མང་བའི་འབྲུ་རིགས་རྡུང་བྱེད་ལག་ཆ་རུ་བྱེད་དེ། ཁྱོད་ཀྱིས་རི་བོ་རྣམས་གཙང་མར་བརྡུང་ཞིང་རྡུལ་དུ་བཏང་ནས། རི་སྒང་ཐམས་ཅད་ཕུབ་མར་བསྒྱུར། 16 ཁྱོད་ཀྱིས་དེ་དག་རླུང་ལ་འཕྱར་ཞིང་རླུང་གིས་དེ་དག་འཁུར་བ་དང་། རླུང་འཚུབ་ཀྱིས་དེ་དག་གཏོར་བར་འགྱུར། འོན་ཀྱང་ཁྱོད་ནི་དཀོན་མཆོག་ཡ་ཝཱེར་བརྟེན་ནས་དགའ་བ་དང་། ཡེས་ར་ཨེལ་གྱི་དམ་པ་ཉིད་ཀྱི་ཕྱིར་གཟི་དཔལ་ངོམ་དགོས།
17 དཀའ་སྡུག་ཅན་དང་དབུལ་པོ་རྣམས་ཀྱིས་ཆུ་བཙལ་ཡང་མི་རྙེད་དེ། ཁོ་ཚོའི་ཁ་ལྕེ་སྐམ་ནས་སྐམ་པོར་འགྱུར་ཡང་། དཀོན་མཆོག་ཡ་ཝཱེ་བདག་གིས་དེ་དག་ལ་ལན་གནང་ཞིང་། ཡེས་ར་ཨེལ་གྱི་དཀོན་མཆོག་ངས་ཁོ་ཚོ་འདོར་བར་མི་བྱ། 18 བདག་གིས་རྩྭ་མེད་པའི་མཐོ་ས་དག་ཏུ་གཙང་པོ་འབྱེད་ཅིང་། ལུང་པ་རྣམས་སུ་ཆུ་འགོ་འདྲེན་པ་དང་། དབེན་སྟོང་ནི་རྫིང་བུ་དང་སྐམ་ས་རྣམས་ཆུ་མིག་ཏུ་བསྒྱུར་རོ། ། 19 བདག་གིས་དབེན་སྟོང་དུ་ཐང་ཤིང་དང་སེང་ལྡེང་། པ་སངས་མེ་ཏོག རི་སྐྱེས་སྐྱུ་རུ་རའི་ཤིང་བཅས་འཛུགས་ཤིང་། བྱེ་ཐང་དུ་གསོམ་པ་དང་སྒྲོན་ཤིང་། ཤུག་ཤིང་བཅས་འཛུགས་པར་བྱ་སྟེ། 20 དེ་ནི་མི་ཡིས་མཐོང་ན་ཤེས་ཤིང་། བསམ་ན་རྟོགས་པར་འགྱུར་བའི་ཕྱིར་ཡིན་ཏེ། འདི་ནི་དཀོན་མཆོག་ཡ་ཝཱེའི་ཕྱག་གིས་མཛད་པ་དང་། ཡེས་ར་ཨེལ་གྱི་དམ་པ་ཉིད་ཀྱིས་བཀོད་པ་ཡིན་ནོ། །
ལྷ་རྫུན་མར་ཡིད་རྟོན་མི་རུང་བ།
21 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱི་རྩོད་པ་རྣམས་ཤོད་ཅིག་ཅེས་གསུང་བ་དང་། ཡ་ཀོབ་ཀྱི་རྒྱལ་པོས་ཁྱོད་ཀྱི་རྒྱུ་མཚན་ངོ་མ་རྣམས་ཁྱེར་ཤོག་ཅེས་གསུང་ངོ་། ། 22 འབྱུང་འགྱུར་རྣམས་ངེད་ཅག་ལ་བཤད་དུ་འོང་བར་ཆུག སྔོན་ཆད་ཀྱི་དོན་རྣམས་ཅི་ཡིན་པ་བཤད་དུ་ཆུག དེ་ནས་ང་ཚོས་བསམ་བློ་བཏང་སྟེ་དོན་དེ་དག་གི་མཇུག་འབྲས་ཤེས་ཐུབ་པ་དང་། ཡང་ན་ཕྱིས་སུ་ཅི་འབྱུང་བ་ངེད་ཅག་ལ་སྟོན་ཅིག 23 ཁྱོད་ཅག་ལྷ་ཡིན་པ་ངེད་ཀྱིས་རྟོགས་པའི་ཕྱིར། ཕྱིས་སུ་ཅི་འབྱུང་བ་རྣམས་ངེད་ཅག་ལ་ཤོད་དང་། ཁྱོད་ཅག་གིས་དོན་བཟང་ངན་གང་ཞིག་བྱོས་དང་ང་ཚོས་མཉམ་དུ་མཐོང་ཞིང་འཇིགས་པར་འགྱུར། 24 ལྟོས་དང་། ཁྱོད་ཅག་ནི་ཅི་ཡང་མིན་ཏེ། ཁྱོད་ཅག་གིས་ཅི་བྱས་རྣམས་ཀྱང་དོན་མེད་ཡིན་ལ། ཁྱོད་ཅག་འདེམས་མཁན་རྣམས་སྐྱུག་བྲོ་བ་ཡིན་ནོ། ། 25 བདག་གིས་བྱང་ཕྱོགས་ནས་མི་གཅིག་བསླངས་པ་དང་ཁོ་འོངས་པ་སྟེ། ཁོ་ཉི་མ་འཆར་ས་ནས་འོངས་ཏེ་ངའི་མིང་འབོད་ཅིང་། འཇིམ་པ་བརྫི་ཞིང་རྫ་བཟོས་འདམ་བུ་རྫི་བ་ལྟར། དབང་འཛིན་མཁན་རྣམས་རྡོག་བརྫིས་སུ་གཏོང་བར་འགྱུར། 26 སུ་ཞིག་གིས་ཐོག་མ་ཉིད་ནས་དོན་འདི་གླེང་སྟེ་ངེད་རྣམས་ལ་རྟོགས་སུ་བཅུག་གམ། སུ་ཞིག་གིས་སྔར་ནས་བཤད་དེ་ང་ཚོས་ཁོ་བདེན་ནོ་ཞེས་སྨྲས་པ་ཡིན་ནམ། སུས་ཀྱང་མ་བཤད་སུས་ཀྱང་མ་བསྒྲགས་ལ། ཁྱོད་ཚོའི་གཏམ་ཐོས་པ་སུ་ཡང་མེད་དོ། ། 27 དང་པོར་བདག་གིས་ཛ་ཡན་ལ། ལྟོས་དང་། འདི་དག་ལ་ལྟོས་དང་ཞེས་སྨྲ་ཞིང་། བདག་གིས་ཡེ་རུ་སཱ་ལེམ་ལ་འཕྲིན་བཟང་སྒྲོག་མཁན་ཞིག་གནང་བར་བྱའོ། ། 28 ངས་བལྟས་པའི་ཚེ། མི་གཅིག་ཀྱང་མི་འདུག དེ་ཚོའི་གྲས་སུ་བདག་གིས་འདྲི་དུས་སུ་ལན་ཚིག་གཅིག་འདེབས་ཐུབ་པའི་གྲོས་མི་གཅིག་ཀྱང་མི་འདུག 29 ལྟོས་དང་། དེ་དག་ནི་ཅི་ཡང་མིན་ཏེ། ཁོ་ཚོས་ཅི་བྱས་རྣམས་ཀྱང་དོན་མེད་ཡིན་ལ། དེ་དག་གི་བླུགས་སྐུ་རྣམས་རླུང་དང་སྟོང་བ་ཡིན་ནོ། །
* ལེའུ་ཞེ་གཅིག་པ།:2 འདིར་མི་དེ་ཞེས་པ་ནི་ཤར་ཕྱོགས་ཏ་ཟིག་ཡུལ་ནས་ཐོན་པའི་རྒྱལ་པོ་ཀོ་རེས་ཞེས་བྱ་བ་ཡིན་པར་གསུངས། གཤམ་ཏུ་ཚིག་རྐང་ཉེར་ལྔ་པའི་ནང་གི་མི་གཅིག་ཅེས་པའང་གཅིག་མཚུངས་ཡིན།