ལེའུ་ཞེ་བདུན་པ།
པཱ་པེལ་ལོན་ཁྱད་དུ་བསད་པ།
ཀྱེ་པཱ་པེལ་ལོན་གྱི་གཞོན་ནུ་མ། མར་ཤོག་ལ་ས་རྡུལ་ནང་དུ་སྡོད་ཅིག ཀྱེ་ཀལ་དི་པའི་བུ་མོ། ཁྲི་སྟེགས་མེད་པས་ས་རུ་སྡོད་ཅིག ཅི་ལ་ཞེ་ན། ད་ནི་ཁྱོད་ལ་གཉོད་ཆུང་དང་ཉམས་ཞན་ཞེས་འབོད་པར་མི་འགྱུར་རོ། ། ཁྱོད་ཀྱིས་མཆིག་རྡོ་ཁྱེར་ཏེ་ཕྱེ་ཐོགས་ཤིག རང་གི་གདོང་ཁེབས་བླངས་ནས་སྨད་གཡོག་ཕུད་དང་། བརླ་སྒང་རྗེན་པར་སྟོན་བཞིན་གཙང་པོ་དག་བརྒལ་ནས་སོང་ཞིག ཁྱོད་ཀྱི་ལུས་སྨད་ཕྱིར་མངོན་པར་འགྱུར། ཁྱོད་ཀྱི་ངོ་ཚ་མི་གཞན་པས་མཐོང་ཞིང་། ངས་མི་གཅིག་ཀྱང་མི་གཏོང་བར་ལན་འཇལ་ངེས། ང་ཚོ་སྐྱོབ་མཁན་ཁོང་གི་མཚན་ལ་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ཟེར། ཡེས་ར་ཨེལ་གྱི་དམ་པ་ཉིད་ཀྱིས་འདི་སྐད་དུ། ཀྱེ་ཀལ་དི་པའི་བུ་མོ། ཁ་རོག་སྡོད་ཅིག མུན་ནག་ནང་དུ་སོང་ཞིག ཅི་ལ་ཞེ་ན། ད་ཕྱིན་ཆད་ཁྱོད་ལ་རྒྱལ་ཁམས་རྣམས་ཀྱི་བདག་མོ་ཞེས་མི་ཡིས་འབོད་པར་མི་འགྱུར། བདག་ནི་བདག་གི་འབངས་མི་ལ་ཁྲོས་ཏེ། རང་གི་ནོར་སྐལ་བརླག་པར་བཅུག ངས་དེ་དག་ཁྱོད་ཀྱི་ལག་ཏུ་བཞག་ཀྱང་། ཁྱོད་ཀྱིས་དེ་དག་ལ་སྙིང་རྗེ་མེད་པར་གཉའ་ཤིང་ཤིན་ཏུ་ལྕི་མོ་རྒན་པོའི་ལུས་ལ་བཀལ། ཁྱོད་ཀྱིས་ང་ནི་དུས་གཏན་དུ་རྒྱལ་མོ་ཡིན་ཞེས་སྨྲས་པས་དོན་འདི་དག་ཁྱོད་ཀྱི་སེམས་སུ་མ་བཟུང་པ་དང་། དེའི་མཇུག་འབྲས་ཀྱང་མི་དྲན་ནོ། །
དེ་བས་འདོད་གཡེམ་སྤྱོད་ཅིང་བདེ་བར་སྡོད་པ་ཁྱོད་ཀྱིས་གཏམ་འདི་ལ་ཉོན་ཅིག ཁྱོད་ཀྱིས་རང་གི་སེམས་སུ་ང་རང་ཁོ་ན་སྟེ། ང་མ་གཏོགས་གཞན་སུ་ཡང་མེད། ང་ཡུགས་མོ་ལྟར་སྡོད་པར་མི་བྱ་སྟེ། བུ་ཕྲུག་རྣམས་དང་འབྲལ་བར་ཡང་མི་བྱའོ་ཞེས་དྲན་ཡང་། བསམ་ཡུལ་ལས་འདས་པ་ཞིག་ལ་བུ་རྣམས་ཁྱོད་དང་འབྲལ་ཞིང་ཡུགས་མོར་འགྱུར་བའི་དོན་རྐྱེན་དེ་གཉིས་ཉིན་གཅིག་གི་ནང་གློ་བུར་ཁྱོད་ཀྱི་སྟེང་དུ་འབྱུང་ངེས། ཁྱོད་ཀྱིས་སྒྱུ་འཕྲུལ་མང་དུ་སྟོན་ཞིང་གང་ཐུབ་ཀྱིས་སྔགས་བོན་པའི་དུས་སུ་དོན་དེ་གཉིས་ཁྱོད་ཀྱི་སྟེང་དུ་འབྱུང་བར་འགྱུར།
10 ཁྱོད་ཀྱིས་སྔར་ནས་རང་གི་སྡུག་རུལ་ལ་བརྟེན་ཏེ་ན་རེ། ང་མཐོང་མཁན་མེད་ཅེས་སྨྲས་པ་དང་། ཁྱོད་ཀྱི་ཤེས་རབ་དང་རྟོགས་པས་ཁྱོད་ལོག་ལམ་དུ་བརྫངས་ཤིང་རང་གི་སེམས་སུ་ང་རང་ཁོ་ན་སྟེ། ང་མ་གཏོགས་གཞན་སུ་ཡང་མེད་ཅེས་དྲན་པའོ། ། 11 ཁྱོད་ལ་གནོད་འཚེ་ཐེབས་ཀྱང་ཁྱོད་ཀྱིས་དེར་ཚོད་དཔོག་བྱེད་མི་ཐུབ། ཆག་སྒོ་ཁྱོད་སྟེང་འབྱུང་ཡང་ཁྱོད་ཀྱིས་སེལ་མི་ནུས། བར་ཆད་གློ་བུར་བ་ཁྱོད་སྟེང་འབབ་ཀྱང་ཁྱོད་ཀྱིས་མི་རྟོགས་སོ། ། 12 ཁྱོད་ཀྱིས་གཞོན་དུས་སུ་དཀའ་ལས་ངང་སྦྱངས་པའི་ངན་སྔགས་དང་སྒྱུ་འཕྲུལ་སྣ་ཚོགས་མུ་མཐུད་དུ་སྤྱོད་ཅིག དེས་ཁྱོད་ལ་ཕན་ཐོགས་ཀྱང་སྲིད། ཡང་ན་ཁྱོད་ཀྱིས་མི་རྣམས་སྐྲག་ཏུ་འཇུག་ནུས་ཀྱང་སྲིད། 13 ཁྱོད་རང་གི་མང་དྲགས་པའི་གྲོས་བསྡུར་ལ་ཐང་ཆད་ངེས། ད་ལྟ་གཟའ་སྐར་ལ་དཔྱད་མཁན་དང་སྐར་རྩིས་པ་དང་། ཟླ་གསར་ལ་བལྟས་ཏེ་ལུང་སྟོན་མཁན་རྣམས་ཡར་ལངས་ཏེ། ཁྱོད་སྟེང་འབྱུང་བའི་དོན་དེ་ལས་སྐྱོབ་ཏུ་ཆུག
14 ལྟོས་ཤིག ཁོ་ཚོ་སོག་མ་ལྟར་ཡིན་ཞིང་མེ་ཡིས་ཁྱུར་མིད་གཏོང་ངེས། ཁོ་ཚོས་རང་ཉིད་མེ་ལྕེའི་རྔམ་ཤུགས་ལས་སྐྱོབ་མི་ནུས། མེ་དེ་ནི་མེར་སྲོ་བའི་སོལ་བ་མིན་ལ། དེའི་མདུན་དུ་བསྡད་ཆོག་པའི་མེ་ཡང་མིན་ནོ། ། 15 དེ་དང་དེ་བཞིན་དུ། ཁྱོད་ཀྱིས་དཀའ་ལས་མྱངས་པའི་དོན་རྣམས་ཁྱོད་ལ་ཕན་ཅི་ཡང་མི་ཐོགས་ཤིང་། གཞོན་པའི་དུས་སུ་ཁྱོད་ཀྱི་ཚོང་ཤག་ཡིན་པ་དག་ཀྱང་རང་སར་འགྲོ་ཞིང་། ཁོ་ཚོ་རང་རང་གི་ལམ་དུ་སོང་ནས་ཁྱོད་སྐྱོབ་མཁན་སུ་ཡང་མེད་དོ། །