ལེའུ་ང་གཅིག་པ།
དཀོན་མཆོག་ཡ་ཝཱེས་ཛ་ཡན་ལ་སེམས་གསོ་མཛད་པ།
1 དྲང་བདེན་བརྩོན་ཞིང་དཀོན་མཆོག་ཡ་ཝཱེ་འཚོལ་མཁན་དག་གིས་བདག་ལ་ཉོན་དང་། ཁྱོད་རྣམས་ཀྱིས་བྲག་རྡོ་དེ་ལ་ལྟོས་དང་། ཁྱོད་རྣམས་དེ་ལས་བརྐོས་པ་ཡིན། ཁྱོད་རྣམས་ཀྱིས་རྡོ་འདོན་པའི་ཁུངས་དེ་ལ་ལྟོས་ཤིག ཁྱོད་རྣམས་དེ་ལས་ཐོན་པའོ། །
2 ཁྱོད་རྣམས་ཀྱིས་རང་གི་མེས་པོ་ཨབ་ར་ཧམ་དང་ཁྱོད་རང་བཙའ་མཁན་སཱ་ར་ལ་ལྟོས་དང་། ཨབ་ར་ཧམ་གཅིག་པུ་ཡིན་དུས་ངས་ཁོ་རང་བོས་པ་དང་། ཁོ་ལ་བྱིན་རླབས་གནང་ནས་བུ་རྒྱུད་མང་དུ་འཕེལ་བར་བཅུག
3 དཀོན་མཆོག་ཡ་ཝཱེས་ཛ་ཡན་ལ་སེམས་གསོ་མཛད་པ་དང་། དེའི་ཞིག་རོ་རྣམས་གསོས་ཤིང་། དབེན་སྟོང་རྣམས་ཨེ་དེན་ལྡུམ་ར་ལྟ་བུར་བསྒྱུར་ལ། དེའི་མྱ་ངམ་ཐང་རྣམས་དཀོན་མཆོག་ཡ་ཝཱེའི་སྐྱེད་ཚལ་ལྟར་མཛད། གནས་དེར་དགའ་སྤྲོ་དང་སྐྱིད་སྣང་། གཏང་རག་དང་གླུ་སྐད་ཀྱིས་ཁྱབ་པར་འགྱུར་རོ། །
4 ཀྱེ་བདག་གི་མི་སྡེ། གཟབ་གཟབ་བྱས་ནས་ཉོན་དང་། ཀྱེ་བདག་གི་མི་རིགས། བདག་ལ་རྣ་བ་གཏོད་དང་། བདག་ནས་བཀའ་སློབ་ཅིག་འབྱུང་ཞིང་དེ་ནས་བདག་གི་དྲང་གཞག་ནི་གློ་བུར་ཉིད་ལ་མི་རྣམས་ཀྱི་འོད་སྣང་དུ་འགྱུར།
5 བདག་གི་དྲང་བདེན་ཉེ་བར་སླེབས་ཤིང་། བདག་གི་ཐར་པ་ལམ་དུ་ཆས་ཟིན། ངའི་དཔུང་པས་མི་སྡེ་ཀུན་ལ་ཉེས་ཁྲིམས་གཅོད་ཅིང་། གླིང་ཕྲན་སྟེང་གི་མི་ཡིས་བདག་གི་རེ་བར་སྒུག་པ་དང་། ཁོ་ཚོས་བདག་གི་དཔུང་པར་སྒུག་ཡོད།
6 ཁྱོད་ཅག་གི་མིག་ཟུང་ནམ་མཁར་གཏོད་ལ། མར་ས་ལའང་ལྟོས་ཤིག ནམ་མཁའི་དབྱིངས་རྣམས་དུ་བ་ལྟར་ཡལ་ཞིང་། ས་གཞི་ནི་གྱོན་གོས་ལྟར་རལ་ངེས་ཡིན། དེའི་སྟེང་གི་ཡུལ་མི་རྣམས་ཀྱང་དུག་སྦྲང་ལྟར་འཆི་ངེས་ཡིན་མོད། འོན་ཀྱང་བདག་གི་ཐར་པ་གཏན་དུ་གནས་ཤིང་། བདག་གི་དྲང་བདེན་ནམ་ཡང་འཇིག་པར་མི་འགྱུར་རོ། །
7 སེམས་སུ་བདག་གི་བཀའ་ཁྲིམས་གནས་ཤིང་དྲང་བདེན་ངོས་ཟིན་མཁན་རྣམས་ཀྱིས་བདག་ལ་ཉོན་དང་། མི་ཡི་སྐྱོན་བརྗོད་ལ་མ་འཇིགས་ཤིག དེ་དག་གི་དམའ་འབེབས་ཕྱིར་མ་དངངས་ཤིག
8 ཅིའི་ཕྱིར་ཞེ་ན། མུག་པས་གོས་འཆའ་བ་ལྟར་དེ་དག་བཟའ་ཞིང་། འབུ་ཡིས་བལ་འཆའ་བ་བཞིན་དུ་ཁོ་རྣམས་བཟའ་བར་འགྱུར། འོན་ཀྱང་བདག་གི་དྲང་བདེན་ནི་གཏན་དུ་གནས་ཤིང་། བདག་གི་ཐར་པ་མི་རབས་ཀུན་ཏུ་གནས་སོ། །
9 ཀྱེ་དཀོན་མཆོག་ཡ་ཝཱེའི་ཕྱག་ཁྱེད་སད་པར་མཛོད། སད་པར་མཛོད། མཐུ་སྟོབས་ཀྱི་ན་བཟའ་གསོལ་ཅིག སྔར་གྱི་ཉིན་མོ་དང་མཚུངས་པར། གནའ་བོའི་མི་རབས་བཞིན་སད་པར་མཛོད། ཁྱེད་ནི་ར་ཧབ་གཤགས་མཁན་དང་། མཚོ་འབྲུག་འབིགས་མཁན་དེ་མ་ཡིན་ནམ།
10 གཏིང་ཟབ་པའི་རྒྱ་མཚོའི་ཆུ་རྣམས་སྐམ་དུ་བཅུག་སྟེ། བླུས་པའི་མི་རྣམས་ཕ་རོལ་ཏུ་བགྲོད་པའི་སླད་དུ། རྒྱ་མཚོའི་གཏིང་དུ་ལམ་མཛད་མཁན་དེ་ཁྱེད་རང་མ་ཡིན་ནམ།
11 དཀོན་མཆོག་ཡ་ཝཱེས་བླུས་པའི་མི་རྣམས་ཕྱིར་ལོག་ཅིང་གླུ་ལེན་བཞིན་ཛ་ཡན་ལ་སླེབ་ངེས། མཐའ་མེད་པའི་དགའ་སྤྲོ་ནི་ཅོད་པན་བཞིན་དེ་དག་གི་སྟེང་དུ་འབབ་པ་དང་། དེ་དག་དགའ་ཞིང་སྤྲོ་བར་གྱུར་ནས་སྡུག་བསྔལ་དང་ཤུགས་རིང་མེད་པར་འགྱུར་རོ། །
12 ང་རང་སྟེ་ཡ་ཝཱེ་བདག་ནི་ཁྱོད་ཅག་ལ་སེམས་གསོ་བྱེད་མཁན་ཡིན། འཆི་བ་ཡོད་པའི་མི་དང་། རྩྭ་དང་མཚུངས་པར་བཟོས་པའི་མི་བུ་རྣམས་ལ་སྐྲག་པ་ཁྱོད་སུ་ཡིན་ནམ།
13 ཁྱོད་རང་མཛད་མཁན་དཀོན་མཆོག་ཡ་ཝཱེ་ནི་ནམ་མཁའ་བཏིངས་ཤིང་། ས་གཞིའི་རྨང་རྡོ་འཛུགས་མཁན་དེ་ཡིན་པ་ཁྱོད་ཀྱིས་བརྗེད་ཟིན་ནམ། ཡང་ན་ཁྱོད་མེད་པར་གཏོང་མཁན་གྱི་དབང་ཤུགས་ཅན་ཚོའི་གཏུམ་སྤྱོད་ལ་ཁྱོད་རང་ཉིན་རྒྱུན་སྐྲག་པ་ཡིན་ནམ། དོན་དུ་གཏུམ་སྤྱོད་ཆེ་བའི་དབང་ཤུགས་ཅན་དག་གང་དུ་ཡོད།
14 བཙོན་དུ་ཁྲིད་པ་རྣམས་ནི་ཐར་ལ་ཉེ། དེ་དག་འཆི་བར་མི་འགྱུར་ཞིང་། གཤིན་ཡུལ་དུའང་མི་ལྷུང་སྟེ། དེ་དག་ལ་ཁ་ཟས་ཀྱང་དཀོན་པར་མི་འགྱུར་རོ། །
15 བདག་ནི་ཁྱོད་ཀྱི་དཀོན་མཆོག་ཡ་ཝཱེ་སྟེ་རྒྱ་མཚོ་དཀྲུགས་ནས་རྦ་རླབས་ཆལ་ཆིལ་གཡོ་བར་བྱེད་མཁན་ཡིན། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ཞེས་པ་ཁོའི་མིང་ཡིན་ནོ། །
16 ནམ་མཁའ་བཀོད་ཅིང་ས་གཞིའི་རྨང་འདིང་མཁན་བདག་གིས་ཁྱོད་ཀྱི་ཁ་ནང་ལ་ངའི་བཀའ་བཞག་ཅིང་། ངའི་ལག་པའི་འོག་ཏུ་ཁྱོད་བསྐུངས་ཏེ། ཛ་ཡན་ལ་ཁྱོད་ཅག་བདག་གི་མི་སྡེ་ཡིན་ཞེས་སྨྲ་བ་ཡིན།
17 ཀྱེ་ཡེ་རུ་སཱ་ལེམ། སད་པར་གྱིས། སད་པར་གྱིས། ཡར་ལོངས་ཤིག ཁྱོད་ཀྱིས་དཀོན་མཆོག་ཡ་ཝཱེའི་ཕྱག་ནས་ཁོང་ཐུགས་ཁྲོས་པའི་ཕོར་བ་ནས་འཐུངས་པ་དང་། མི་འཁྱར་རེ་འཁྱོར་རེར་བསྒྱུར་བའི་ཆང་ཕོར་དེའི་ནང་གི་རྒུན་ཆང་འཐུངས་ཟིན།
18 མོ་ལ་སྐྱེས་པའི་བུ་ཐམས་ཅད་ལས་མོར་ལམ་ཁྲིད་མཁན་གཅིག་ཀྱང་མེད་ལ། མོས་བདག་སྐྱོང་མཛད་པའི་བུ་ཐམས་ཅད་ལས་ཀྱང་མོའི་ལག་པ་ནས་སྐྱོར་མཁན་གཅིག་ཀྱང་མེད།
19 ཚར་གཅོད་དང་གཏོར་བཤིག མུ་གེ་དང་རལ་གྲི་བཅས་ཀྱི་དོན་དེ་གཉིས་ཁྱོད་ལ་བྱུང་ཡང་། ཁྱོད་ཀྱི་དོན་དུ་སུས་སྙིང་རྗེ་བསྐྱེད་ཅིང་། ཁྱོད་ལ་སེམས་གསོ་བྱེད་ཐུབ་མཁན་སུ་ཡོད་དམ།
20 ཁྱོད་ཀྱི་བུ་རྣམས་དྲན་མེད་དུ་བརྒྱལ་ཞིང་། རྙི་ལ་ཚུད་པའི་གཙོད་བཞིན་དུ་སྲང་ལམ་དག་ནས་ཉལ། དེ་དག་གིས་དཀོན་མཆོག་ཡ་ཝཱེ་སྟེ་ཁྱོད་ཀྱི་དཀོན་མཆོག་གི་ཐུགས་ཁྲོ་དང་བཀའ་བཀྱོན་ཉམས་སུ་མྱངས་པའོ། །
21 དེ་བས་ཆང་གིས་བཟི་ནས་འགྱེལ་བ་མ་ཡིན་པར་སྡུག་གིས་མནར་བ་ཁྱོད་ཀྱིས་གཏམ་འདིར་ཉོན་ཅིག
22 ཁྱོད་ཀྱི་གཙོ་བོ་ཡ་ཝཱེ་སྟེ། ཉིད་ཀྱི་མི་སྡེའི་ཕྱིར་དུ་དག་འབུད་མཛད་པའི་དཀོན་མཆོག་གིས་འདི་སྐད་དུ། བདག་གིས་མི་ཁྱར་ཁྱོར་བྱེད་པའི་རྒུན་ཆང་སྟེ། བདག་གི་ཁོང་ཁྲོ་དྲག་པོའི་ཆང་ཕོར་ཁྱོད་ཀྱི་ལག་ནས་བླངས་ཏེ། ཁྱོད་ཀྱིས་རྒུན་ཆང་དེ་བཏུང་བར་མི་བྱའོ། །
23 བདག་གིས་ཁྱོད་ལ་མནར་གཅོད་གཏོང་མཁན་རྣམས་ཀྱི་ལག་ཏུ་ཕོར་བ་དེ་འཇོག་ཅིང་། དེ་དག་གིས་ཁྱོད་ལ་ན་རེ། ཁྱོད་ཀྱི་ལུས་པོ་མར་བསྒུར་ནས་སར་ཉོལ་དང་། ང་ཚོ་ཁྱོད་ཀྱི་སྟེང་ནས་ཕར་འགྲོའོ་ཞེས་བརྗོད་པ་ལ། ཁྱོད་ཀྱིས་རང་གི་རྒྱབ་ས་གཞི་དང་སྲང་ལམ་དུ་བཏིངས་ནས། ཁོ་ཚོ་དེའི་སྟེང་ནས་འགྲོ་རུ་བཅུག་ཅེས་གསུངས་སོ། །