ལེའུ་ང་བདུན་པ།
ཡེས་ར་ཨེལ་པའི་སྐུ་འདྲར་དད་པ་ལ་གཤེ་གཤེ་བཏང་བ།
1 མི་དྲང་བདེན་འདས་ཀྱང་སེམས་སུ་འཛིན་མཁན་མེད། དད་ལྡན་རྣམས་ཚེ་ལས་འདས་ཀྱང་དེ་ཤེས་མཁན་མེད། མི་དྲང་པོ་འདས་པ་ནི་བར་ཆད་དང་བྲལ་བ་ཡིན།
2 སྤྱོད་དྲང་རྣམས་ཚེ་ལས་འདས་རྗེས་ཞི་བདེ་ནང་འགྲོ་སྟེ། རང་གི་བང་སོ་ནས་ངལ་གསོ་འཐོབ་པར་འགྱུར།
3 ཡིན་ཡང་པྲ་མའི་བུ་དང་། འཆལ་པོ་དང་སྨད་འཚོང་མའི་བུ་རྒྱུད་ཁྱོད་རྣམས་གཡེམ་སྦྱོར་སྤེལ་དུ་ཉེ་སར་ཤོག་དང་།
4 ཁྱོད་རྣམས་ཀྱིས་སུ་ལ་ཁྲེལ་དགོད་བྱེད་པ་ཡིན་ནམ། སུ་ལ་ཁ་ཆེར་གདངས་ཏེ་ལྕེ་རིང་བསྣར་བ་ཡིན་ནམ། ཁྱོད་རྣམས་ནི་སྡིག་ཉེས་ཀྱི་བུ་ཕྲུག་དང་རྫུན་གྱི་བུ་རྒྱུད་མ་ཡིན་ནམ།
5 ཁྱོད་རྣམས་ནི་བེ་ཤིང་གི་ནགས་དང་སྔོ་ལྗང་གི་ཤིང་སྡོང་རྣམས་ཀྱི་འོག་ཏུ་འདོད་ཆགས་ཀྱི་མེ་ལྕེ་འབར་ཏེ། ལུང་ཤུར་དང་བྲག་ཕུག་ནང་དུ་རང་གི་བྱིས་པའི་སྲོག་བཅད་ནས་མཆོད་པར་ཕུལ།
6 ལུང་པའི་གཡའ་རྡོའི་ཁྲོད་དུ་ཁྱོད་ཀྱི་ཐོབ་སྐལ་ཡོད། དེ་དག་ཁོ་ན་ཁྱོད་ལ་ཐོབ་པའི་སྐལ་ཡིན། ཁྱོད་ཀྱིས་དེ་དག་ལ་སྐྱེམས་མཆོད་དྲངས་ཏེ་འབྲུ་རིགས་ཀྱི་མཆོད་པ་ཡང་ཕུལ་བ་ཡིན། དོན་དེ་དག་ལ་བདག་གིས་ཅི་ལྟར་བཟོད་པ་བསྒོམས་ནས་ལན་མི་འཇལ་ལམ།
7 རི་མཐོན་པོའི་སྒང་ནས་ཁྱོད་ཀྱིས་རང་གི་མལ་ཁྲི་བརྒྱབ་ཅིང་། དམར་མཆོད་འབུལ་དུ་ཁྱོད་དེའི་སྟེང་དུ་འཛེགས།
8 ཁྱོད་ཀྱིས་སྒོ་དང་སྒོ་རུའི་རྒྱབ་ཏུ་ཕྱི་ཕྱོགས་པའི་ལྷ་ཡི་རྟགས་མཚན་བརྒྱབ། ཁྱོད་རང་བདག་དང་རྒྱང་དུ་གྱེས་ནས་རང་ཉིད་གཅེར་བུར་བུད་དེ་མལ་ཁྲིའི་སྟེང་འཛེགས་ཤིང་། ཡང་རང་ལ་མལ་ཁྲི་རྒྱ་ཆེན་པོ་བརྒྱབ། ཁྱོད་ཀྱིས་ད་དུང་དེ་དག་དང་གྲོས་ཆོད་བཞག་ནས་དེ་ཡི་མལ་ཁྲིར་སྤྲོ་ཞིང་། དེ་ཚོའི་ལུས་གཅེར་བུར་བལྟས་སོ། །
9 ཁྱོད་ཀྱིས་སྣུམ་ཁྱེར་ནས་རྒྱལ་པོ་བཞུགས་སར་སོང་ཞིང་རང་གི་དྲི་ཞིམ་ཇེ་མང་དུ་བཏང་། ཁྱོད་ཀྱིས་རྒྱང་ཐག་རིང་སར་བང་ཆེན་མངགས་པ་དང་། ཐ་ན་གཤིན་པོའི་ཡུལ་དུ་བབས།
10 ལམ་ཐག་རིང་བས་ཁྱོད་ཐང་ཆད་ཀྱང་ཁྱོད་ཀྱིས་རེ་བ་མེད་དོ་ཞེས་མི་སྨྲ་སྟེ། གང་ལ་ཞེ་ན། ཁྱོད་ཀྱིས་ཚེ་སྲོག་གི་སྟོབས་ཤུགས་རྙེད་པས་ཐང་མ་ཆད་དོ། །
11 ཁྱོད་སུ་ལ་སྐྲག་པ་ཡིན་ནམ། ཁྱོད་རང་སུ་ལ་འཇིགས་ནས་ང་ལ་རྫུན་སྨྲའམ། ཁྱོད་ཀྱིས་བདག་མི་དྲན་ཞིང་སེམས་ལའང་མི་འཛིན་པ་ནི་བདག་ཡུན་རིང་ཁུ་སིམ་པོར་བསྡད་པས། ཁྱོད་བདག་ལ་མི་འཇིགས་པའི་ཕྱིར་ཡིན་ནམ།
12 བདག་གིས་ཁྱོད་ཀྱི་དྲང་བདེན་དང་སྤྱད་པ་རྣམས་གསལ་པོར་བསྒྲགས་ཀྱང་། དེ་དག་གིས་ཁྱོད་ལ་ཕན་མི་ཐོགས།
13 ཁྱོད་ཀྱིས་འོ་དོད་འབོད་པའི་ཚེ། ཁྱོད་ཀྱིས་བསྡུས་པའི་སྐུ་འདྲ་རྣམས་ལ་ཁྱོད་སྐྱོབ་ཏུ་ཆུག ཡིན་ཡང་དེ་དག་རླུང་གིས་འཁུར་ཞིང་དབུགས་ཀྱིས་སྤུར་བར་འགྱུར། འོན་ཀྱང་བདག་ལ་སྐྱབས་བཅོལ་བའི་མི་ལ་ས་གཞི་དབང་ཞིང་། བདག་གི་རི་བོ་དམ་པ་ནོར་སྐལ་དུ་འཐོབ་པར་འགྱུར་རོ། །
ཁེངས་སྐྱུང་ཅན་དང་སྤྱོད་ངན་ཅན་གཉིས་ཀྱི་ཁྱད་པར།
14 སྐྲུན་ཞིག སྐྲུན་ཞིག ལམ་བདེ་བར་སྐྲུན་ཞིག ངའི་མི་སྡེའི་བགྲོད་ལམ་ནི་བར་ཆད་མེད་པར་བཟོ་བར་གྱིས་ཞེས་བརྗོད་ངེས།
15 གང་ལ་ཞེ་ན། རྟག་ཏུ་བཞུགས་ཤིང་བླ་ན་མེད་པ། མཚན་ལ་དམ་པ་ཞེས་བྱ་བ་ཁོང་གིས་འདི་སྐད་དུ། བདག་ནི་བླ་ན་མཐོ་བ་དང་དམ་པའི་གནས་སུ་སྡོད་ཀྱང་། ཁེངས་སྐྱུང་ཅན་དང་སེམས་སུ་འགྱོད་བཤགས་ལྡན་པའི་མི་དང་མཉམ་དུ་གནས་ཤིང་། ཁེངས་སྐྱུང་ཅན་དང་འགྱོད་བཤགས་ཅན་ལ་སྟོབས་ཤུགས་སྦྱིན་པར་བྱའོ། །
16 བདག་གིས་རྟག་ཏུ་མི་རྩོད་ཅིང་། རྒྱུན་དུ་ཁྲོ་བར་ཡང་མི་བྱ། དེ་ལྟར་བྱས་ན་མི་ཡི་སེམས་ཉིད་དེ། བདག་གིས་བཀོད་པའི་མི་ནི་ངའི་མདུན་དུ་བློ་སྟོབས་ཉམས་པར་འགྱུར།
17 ཁོའི་འདོད་རྔམ་གྱི་སྡིག་པའི་ཕྱིར་བདག་ཁྲོས་ཤིང་ཁོ་ལ་རྡུང་རྡེག་བཏང་། བདག་གི་ངོ་གདོང་ཁོའི་ཕྱོགས་སུ་མ་འཁོར་ཞིང་ཁྲོས་ནའང་། ཁོ་ད་དུང་རང་སེམས་ཀྱི་འདོད་པའི་རྗེས་སུ་འབྲངས་ནས་ལོག་ལམ་དུ་ཕྱིན།
18 ཁོའི་བགྲོད་ལམ་ངས་མཐོང་སྟེ། བདག་གིས་ཁོ་དྲག་པར་བྱས་ཏེ་ལམ་ཁྲིད་ཅིང་། དེ་དང་དེར་མྱ་ངན་ཞུ་མཁན་དག་ལ་སེམས་གསོ་གནང་བར་འགྱུར།
19 བདག་གིས་སྨྲ་སྒོ་རྣམས་ལས་འབྲས་བུ་བསྐྱེད་ཅིང་། རྒྱང་རིང་དང་ཐག་ཉེ་རུ་ཡོད་པ་ཐམས་ཅད་བདེ་བར་གྱུར་ཅིག བདེ་བར་གྱུར་ཅིག་ཅེས་གསུངས་སོ། །ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བདག་གིས་དེ་གསོ་བར་བྱའོ་ཞེས་གསུངས་སོ། །
20 འོན་ཀྱང་མི་ངན་རྣམས་རྒྱ་མཚོ་འཕྱུར་བ་བཞིན་བདེ་བར་མི་གནས་ལ། རྒྱ་མཚོའི་ཆུ་ལས་འདམ་དང་བཙོག་པ་དཀྲུག་པར་འགྱུར།
21 བདག་གི་དཀོན་མཆོག་གིས་མི་ངན་པར་ཞི་བདེ་མེད་ཅེས་གསུངས་སོ། །