ལེའུ་རེ་བཞི་པ།
དཀོན་མཆོག་ཡ་ཝཱེ་ཕེབས་ནས་གཟི་བརྗིད་མངོན་པར་གྱུར་ཅིག
ཁྱེད་ཀྱི་སྤྱན་སྔར་རི་ཚོགས་འདར་ཞིང་། ཁྱེད་ཀྱིས་ནམ་མཁའ་གཤགས་ནས་མར་ཕེབས་ཤོག མེ་ཡིས་བུད་ཤིང་སྐམ་པོ་འབར་དུ་འཇུག་པ་དང་། ཡང་མེ་ཡིས་ཆུ་བསྐོལ་བ་བཞིན་དུ། ཁྱེད་ཀྱི་དགྲ་རྣམས་ལ་ཁྱེད་ཀྱི་མཚན་རྟོགས་སུ་བཅུག་སྟེ། རྒྱལ་ཕྲན་རྣམས་ཁྱེད་ཀྱི་སྤྱན་སྔར་འདར་གྱུར་ཅིག ཁྱེད་ཀྱི་ངོ་མཚར་བའི་མཛད་པ་རྣམས་ང་ཚོའི་བསམ་ཡིད་ལས་འདས་ཤིང་། ཁྱེད་ཕེབས་དུས་རི་ཚོགས་ཁྱེད་ཀྱི་དྲུང་དུ་འདར་བ་ཡིན།
གནའ་ནས་ད་ལྟའི་བར་དུ། ཁོང་ལ་སྒུག་མཁན་རྣམས་ཀྱི་ཕྱིར་དུ་དོན་མཛད་མཁན་ཁྱེད་ལས་དཀོན་མཆོག་གཞན་ཡོད་པ་མི་ཡིས་ཐོས་མེད་དེ། རྣ་བས་ཐོས་མྱོང་མེད་ལ་མིག་གིས་ཀྱང་མཐོང་མ་མྱོང་ངོ་། ། དྲང་བདེན་གྱི་དོན་རྣམས་དགའ་སྤྲོའི་ངང་སྒྲུབ་ཅིང་ཁྱེད་ཀྱི་ལམ་དུ་ཁྱེད་དྲན་མཁན་རྣམས་ལ་ཁྱེད་ཀྱིས་རོགས་རམ་གནང་བ་ཡིན། ལྟོས་དང་། ང་ཚོས་སྡིག་པ་བསགས་ཤིང་སྡིག་པ་དེའི་ཁྲོད་དུ་ཡུན་རིང་ལུས་པས་ཁྱེད་ཐུགས་ཁྲོས་པ་ཡིན། * དེས་ན་ང་ཚོ་བསྐྱབ་པར་འགྱུར་རམ། ང་ཚོ་ཐམས་ཅད་མི་གཙང་བར་གྱུར་པ་དང་། ང་ཚོའི་དྲང་བདེན་ཐམས་ཅད་ནི་གྱོན་གོས་མི་གཙང་བ་དང་མཚུངས་ཤིང་། ང་ཚོ་ཚང་མ་ལོ་འདབ་བཞིན་སྐམ་སྟེ། ང་ཚོའི་ཉེས་པས་རླུང་ལྟར་ང་ཚོ་རྒྱང་རིང་དུ་འཁུར་ངེས། ཁྱེད་ཀྱི་མཚན་ནས་འབོད་མཁན་མེད་ལ། ཧུར་ཐག་གིས་ཡར་ལངས་ནས་ཁྱེད་འཛིན་མཁན་ཡང་མེད། ང་ཚོའི་ཉེས་པའི་རྐྱེན་གྱིས་ཁྱེད་ཀྱི་ཞལ་རས་ངེད་ཕྱོགས་སྦས་ཏེ། ངེད་རྣམས་རང་གི་སྡིག་པའི་དབང་འོག་ཏུ་བསྐྱུར།
ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ད་ལྟ་ཁྱེད་ནི་སྔར་བཞིན་ང་ཚོའི་ཡབ་ཡིན། ང་ཚོ་འཇིམ་པ་དང་ཁྱེད་ནི་འཇིམ་པ་བཟོ་མཁན་ལགས་ཏེ། ང་ཚོ་ཚང་མ་ཁྱེད་ཀྱི་ཕྱག་གིས་བཟོས་པའོ། ། ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཐུགས་རབ་ཏུ་ཁྲོ་བར་མི་བྱ་ཞིང་། རྟག་ཏུ་ཉེས་པ་དྲན་པར་མི་མཛད་རོགས། ང་ཚོ་ཚང་མ་ཁྱེད་ཀྱི་མི་སྡེ་ཡིན་པས་ཁྱེད་ཀྱིས་གཟིགས་པར་མཛོད། 10 ཁྱེད་ཀྱི་གྲོང་ཁྱེར་དམ་པ་རྣམས་དབེན་སྟོང་དུ་གྱུར་ཏོ། །ཐ་ན་ཛ་ཡན་དབེན་སྟོང་དུ་གྱུར་ཅིང་། ཡེ་རུ་སཱ་ལེམ་ནི་མི་མེད་ལུང་སྟོང་དུ་གྱུར། 11 ངེད་ཅག་གི་ཕ་མེས་རྣམས་ཀྱིས་ཁྱེད་ལ་བསྟོད་པ་འབུལ་སའི་ང་ཚོའི་མཛེས་ཤིང་སྡུག་པའི་མཆོད་ཁང་དམ་པ་དེ་མེ་ལ་བསྲེགས་ཤིང་། ང་ཚོ་དགའ་བ་ཐམས་ཅད་ཞིག་རལ་དུ་གྱུར། 12 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། དོན་འདི་དག་ཐམས་ཅད་ལ་ཁྱེད་ཀྱིས་བཟོད་པར་དགོངས་སམ། ཁྱེད་རང་མུ་མཐུད་དུ་ཞལ་རོག་བཞུགས་ནས་ང་ཚོར་ཤིན་ཏུ་འཚེ་བར་བྱའམ། །
* ལེའུ་རེ་བཞི་པ།:5 འདིར་ང་ཚོས་སྡིག་པ་བསགས་ཤིང་སྡིག་པ་དེའི་ཁྲོད་དུ་ཡུན་རིང་ལུས་པས་ཁྱེད་ཐུགས་ཁྲོས་པ་ཡིན་ཞེས་པ་འགྱུར་ལ་ལར་ཁྱེད་ཐུགས་ཁྲོས་ནའང་ང་ཚོས་ད་དུང་སྡིག་པ་བསགས་པ་ཡིན་ཞེས་མཐོང་།