ལེའུ་སོ་གཅིག་པ།
ང་ཡིས་མིག་དང་ཞལ་ཆད་བཞག་ཡོད་པས། ། ན་ཆུང་བུ་མོར་ཞེན་གྱིས་བལྟ་རུང་ངམ། ། བླ་མེད་དཀོན་མཆོག་ཁོང་གིས་གནང་བའི་སྐལ་བ་དང་། ། བླ་མེད་ཀུན་དབང་ཁོང་གི་ནོར་སྐལ་ཅི་ཡིན་ནམ། ། དེ་ནི་སྡིག་སྤྱོད་རྣམས་ལ་ཆག་སྒོ་འབྱུང་བ་དང་། ། ཉེས་སྤྱོད་ཅན་ལ་ཆག་སྒོ་འབྱུང་བ་མ་ཡིན་ནམ། ། བདག་གི་ལམ་རྣམས་ཁོང་གིས་གཟིགས་གྱུར་ཏེ། ། བདག་གི་གོམ་པ་བརྩི་བར་མི་མཛད་དམ། ། ཇི་སྟེ་རྫུན་གཏམ་ནང་དུ་བདག་མཆིས་ཤིང་། ། རྐང་པ་བསླུ་བྲིད་རྗེས་སུ་འབྲངས་གྱུར་ན། ། དཀོན་མཆོག་གིས་ངའི་ཟོལ་མེད་རྟོགས་པའི་ཕྱིར། ། དྲང་པོ་སྲང་གིས་ང་རང་འཇལ་བར་ཤོག ། དྲང་པོའི་ལམ་ནས་གོམ་པ་འཁྱོར་བ་དང་། ། རང་སེམས་མིག་གི་རྗེས་སུ་འབྲངས་ནས་ནི། ། བདག་གི་ལག་པར་བཙོག་པས་གང་ཡོད་ན། ། བདག་གིས་འདེབས་པ་གཞན་གྱིས་བཟའ་བར་ཤོག ། བདག་གི་ལོ་ཏོག་རྩ་ནས་འབྱིན་པར་ཤོག ། ངའི་སེམས་བུད་མེད་ཅིག་ལ་ཆགས་པ་དང་། ། ཁྱིམ་མཚེས་སྒོ་ཁར་བསྒུགས་ནས་བསྡད་གྱུར་ན། ། 10 བདག་གི་ཆུང་མས་གཞན་ལ་གཡོག་བྱས་ནས། ། མོ་དང་མཉམ་དུ་གཞན་རྣམས་འགྲོགས་པར་ཤོག ། 11 རྒྱུ་མཚན་འདི་ནི་ངོ་ཚའི་བྱ་སྤྱོད་དེ། ། ཁྲིམས་དཔོན་ཉེས་ཆད་གཅོད་འོས་སྡིག་ཉེས་ཡིན། ། 12 དེ་ནི་འཇོམས་ཤིང་སྲེག་པའི་མེ་ཡིན་ཏེ། ། རྩ་མེད་གཏོང་བའི་བར་དུ་འབར་བ་དང་། ། བདག་གི་རྒྱུ་ནོར་ཀུན་ཡང་འཁྱེར་བར་ངེས། ། 13 ང་ཡི་གཡོག་དང་གཡོག་མོས་བདག་ལ་རྩོད་དུས་སུ། ། བདག་གིས་མཐོང་ཆུང་བྱས་ནས་དེ་ཚོར་མ་མཉན་ན། ། 14 དཀོན་མཆོག་བཞེངས་དུས་བདག་གིས་ཅི་ལྟར་བྱ། ། ཁོང་གིས་གཟིགས་དུས་བདག་གིས་ལན་ཅི་ཞུ། ། 15 བདག་ནི་མངལ་ནང་མཛད་མཁན་གྱིས། ། དེ་ཡང་མཛད་པ་མ་ཡིན་ནམ། ། བདག་ཅག་མངལ་ནང་འགོད་མཁན་ཡང་། ། ཁོང་ཉིད་གཅིག་པུ་མ་ཡིན་ནམ། ། 16 བདག་གིས་དབུལ་པོའི་རེ་བ་མ་བསྐངས་ལ། ། ཡུགས་མོའི་མིག་ནང་རེ་ཐག་ཆད་བཅུག་ཅིང་། ། 17 ཡང་ན་གཅིག་པུས་རང་གི་ཟས་སྤྱད་ཅིང་། ། དྭ་ཕྲུག་དང་ནི་མཉམ་དུ་མ་སྤྱད་ན། ། 18 བདག་ནི་གཞོན་པའི་དུས་ནས་བཟུང་། ། དྭ་ཕྲུག་བདག་མཉམ་ནར་སོན་ཞིང་། ། བདག་ནི་དེ་ཚོའི་ཕ་བཞིན་ཡིན། ། སྐྱེས་ནས་ཡུགས་མོར་རོགས་བྱས་སོ། ། 19 གང་ཞིག་གྱོན་གོས་མེད་པས་འཆི་བ་དང་། ། ཡང་ན་དབུལ་པོར་གཡོག་རྒྱུ་མེད་དུས་སུ། ། 20 བདག་གི་ལུག་བལ་གྱིས་ནི་དེ་ལ་དྲོད་བསྐྱེད་ཅིང་། ། དེ་ཡིས་སེམས་གཏིང་བདག་ཆེད་སྨོན་འདུན་མ་ཞུས་ན། ། 21 མཁར་སྒོར་རོགས་རམ་བྱེད་མཁན་ཡོད་པས་ན། ། ལག་པ་གཡུགས་ཏེ་དྭ་ཕྲུག་རྒོལ་གྱུར་ན། ། 22 སོག་པ་ལས་ངའི་དཔུང་པ་འབུད་པར་ཤོག ། བདག་གི་དཔུང་པའི་རུས་པ་ཆག་པར་ཤོག ། 23 བདག་ནི་དཀོན་མཆོག་ཁོང་གི་བཀའ་ཆད་ལ་འཇིགས་ཏེ། ། ཁོང་གི་གཟི་བྱིན་དབང་གིས་བདག་ལ་སྤོབས་པ་མེད། ། 24 བདག་གིས་གསེར་ནི་བརྟེན་ས་རུ་བཞག་སྟེ། ། དེ་ནི་ང་ཡི་བརྟེན་ས་ཡིན་ཟེར་ཞིང་། ། 25 ང་རང་རྒྱུ་ནོར་ཕུན་ཚོགས་ལྡན་པ་དང་། ། ལག་པར་འབྱོར་བ་མོད་སྟབས་དགའ་གྱུར་ན། ། 26 ཡང་ན་ཉི་མའི་འོད་ཟེར་འཕྲོ་བ་དང་། ། དཀར་གསལ་ཟླ་བའི་འཁོར་སྐྱོད་མཐོང་བའི་ཚེ། ། 27 ངའི་སེམས་ཕག་ནས་བསླུ་བར་གྱུར་པ་དང་། ། ཁ་ཡིས་རང་གི་ལག་པར་འོ་བྱས་ *ན། ། 28 འདི་ཡང་ཉེས་ཆད་གཅོད་འོས་སྡིག་ཉེས་ཡིན། ། བདག་གིས་བླ་མེད་དཀོན་མཆོག་དོར་ཕྱིར་རོ། ། 29 དགྲ་བོར་ཆག་སྒོ་འབྱུང་དུས་བདག་དགའ་ཞིང་། ། ཁོ་རང་དཀའ་སྡུག་འཕྲད་དུས་སྤྲོ་གྱུར་ན། ། 30 དེ་ཡི་སྲོག་ལ་དམོད་མོ་བཏབ་ནས་ནི། ། རང་གི་ཁ་ལ་ཉེས་པ་བསག་མ་བཅུག ། 31 བདག་པོའི་ཁ་ཟས་ལས་ནི་ཟོས་ཞིང་མ་ཚིམ་པ། ། སུ་ཞིག་ཡོད་ཅེས་ང་ཡི་ཁྱིམ་མིས་སྨྲས་མེད་ན། ། 32 བདག་གིས་ཆ་མེད་སྲང་དུ་ཞག་སྡོད་བྱེད་མ་བཅུག ། བདག་གིས་སྒོ་ཆེར་ཕྱེས་ནས་ལམ་འགྲོ་བསུས་པ་ཡིན། ། 33 བདག་གིས་ཨ་དམ་བཞིན་དུ་རང་ཉེས་བཀབ་ནས་ནི། ། རང་གི་སྡིག་ཉེས་དག་ནི་ཁོག་ཏུ་སྦས་གྱུར་ན། ། 34 ཡང་ན་མི་ཚོགས་ཆེན་པོར་བདག་འཇིགས་ཏེ། ། རུས་རྒྱུད་སོ་སོའི་མཐོང་ཆུང་ལ་འཇིགས་པས། ། ཁ་རོག་བསྡད་ཅིང་ཕྱི་རུ་མ་བུད་ཚེ། ། 35 བདག་ལ་ཉན་མཁན་གཅིག་ནི་ཡོད་པར་སྨོན། ། ལྟོས་དང་ང་ཡི་རྟགས་ནི་འདི་ཡིན་ཏེ། ། ཀུན་དབང་ཁྱེད་ཀྱིས་བདག་ལ་ལན་གནང་རོགས། ། བདག་དང་རྩོད་པས་བྲིས་ན་ཅི་མ་རུང་། ། 36 བདག་གིས་དངོས་གནས་དཔུང་པའི་སྟེང་བཏེགས་ཏེ། ། གཙུག་རྒྱན་བཞིན་དུ་བདག་གིས་འཁུར་བར་བྱ། ། 37 རང་གི་སྤྱོད་སྟངས་ཁོང་ལ་ཡོངས་སུ་འཆད། ། རྒྱལ་སྲས་བཞིན་དུ་ཁོང་དྲུང་བཅར་བར་བྱ། ། 38 བདག་གི་ཞིང་ཁས་བདག་ལ་སྙད་བཙུགས་ཤིང་། ། རྨོས་ཤུར་ཡང་ནི་ལྷན་ཅིག་ངུ་གྱུར་ནས། ། 39 ཞིང་ཁའི་ཐོན་རྫས་རིན་མེད་ཟོས་པ་དང་། ། ཡང་ན་ས་བདག་ཚེ་སྲོག་ངས་བླངས་ན། ། 40 གྲོ་ཡི་ཚབ་ཏུ་གཟེ་མ་ར་མགོ་དང་། ། སོ་བའི་ཚབ་ཏུ་རྩྭ་ངན་སྐྱེ་བར་ཤོག ། དེ་ནས་ཨེས་ཡོབ་ཁོང་གི་གཏམ་རྫོགས་སོ། །
* ལེའུ་སོ་གཅིག་པ།:27 ལག་པར་འོ་བྱེད་པ་ནི་བཀུར་བ་མཚོན་པའི་རྟགས་ཤིག་ཡིན།