ལེའུ་བཅོ་ལྔ་པ།
སཱམ་སོན་གྱིས་ཕེ་ལེ་ཤེད་པ་ཕམ་པར་བརྒྱབ་པ།
ཉིན་འགའ་ཤས་ཀྱི་རྗེས་སུ་གྲོ་རྔ་བའི་དུས་ལ་སླེབས་པ་ན། སཱམ་སོན་གྱིས་ར་ཕྲུག་ཅིག་ཁྲིད་ནས་རང་གི་ཆུང་མར་བལྟ་རུ་ཕྱིན་པ་དང་འདི་ལྟར་སྨྲས་པ་སྟེ། ང་ཁང་པ་སྦུག་མའི་ནང་རང་གི་ཆུང་མར་འཕྲད་དུ་འགྲོ་བར་བྱ་ཞེས་པ་ལ། ཁོའི་སྒྱུག་པོས་ཁོ་རང་ནང་ལ་འགྲོ་རུ་མ་བཅུག་པར་ན་རེ། ཁྱོད་རང་ཁོ་མོར་ཤིན་ཏུ་སྡང་བར་ངས་སེམས་ཐག་ཆོད་པས། ངས་ཁོ་མོ་ཁྱོད་ཀྱི་གྲོགས་པོར་བྱིན་པ་ཡིན། ཁོ་མོའི་གཅུང་མོ་དེ་ལས་ཀྱང་མཛེས་པ་མ་ཡིན་ནམ། ཁྱོད་ཀྱིས་ཁོ་མོའི་ཚབ་ཏུ་དེ་ལེན་པར་མཛོད་ཅེས་སྨྲས་པ་ལ། སཱམ་སོན་ན་རེ། ཐེངས་འདིར་བདག་གིས་ཕེ་ལེ་ཤེད་པ་རྣམས་ལ་གནོད་བསྐྱལ་ཡང་ཉེས་པ་མེད་ཅེས་སྨྲས། དེར་སཱམ་སོན་སོང་ནས་ཝ་མོ་སུམ་བརྒྱ་བཟུང་འོངས་ཏེ་མཇུག་མ་ཆ་རེ་ཆ་རེ་སྦྲེལ་ཞིང་། མཇུག་མ་གཉིས་ཀྱི་བར་ལ་དཔལ་འབར་རེ་བཏགས། ཁོས་དཔལ་འབར་ལ་མེ་བསྒྲོན་རྗེས་ཝ་མོ་རྣམས་ཕེ་ལེ་ཤེད་པའི་གྲོ་ཞིང་དུ་བཏང་བ་ལ། ཚར་ཕོན་དང་མ་བརྔས་པའི་སྙེ་མ། སྐྱུ་རུ་རའི་ར་བ་བཅས་ཐམས་ཅད་བསྲེགས་སོ། ། དེར་ཕེ་ལེ་ཤེད་པ་རྣམས་ཀྱིས་དོན་འདི་ནི་སུ་ཞིག་གིས་བྱས་པ་ཡིན་ནམ་ཞེས་དྲིས་པ་ལ། འགའ་ཤས་ན་རེ། ཐིམ་ནཱ་པའི་མག་པ་སཱམ་སོན་གྱིས་དེ་ལྟར་བྱས། ཅི་ལ་ཞེ་ན། ཁོའི་སྒྱུག་པོས་དེའི་ཆུང་མ་ཁོའི་གྲོགས་ལ་བྱིན་པ་རེད་ཅེས་སྨྲས། དེ་ནས་ཕེ་ལེ་ཤེད་པ་རྣམས་ཡར་སོང་སྟེ་བུད་མེད་དང་དེའི་ཕ་གཉིས་མེར་བསྲེགས་སོ། ། དེ་ནས་སཱམ་སོན་གྱིས་དེ་རྣམས་ལ་འདི་ལྟར་སྨྲས་པ་སྟེ། ཁྱོད་ཅག་གིས་དེ་ལྟར་བྱས་པས་བདག་གིས་ཁྱོད་རྣམས་ལས་དགྲ་ཤ་མ་བླངས་བར་དུ་མཚམས་མི་འཇོག་ཅེས་པའོ། ། སཱམ་སོན་གྱིས་ཁོ་རྣམས་མང་དུ་བསད་ཅིང་བརླ་དང་དཔྱི་རྣམས་ཀྱང་བཅད་དེ། མར་སོང་ནས་ཨེ་ཏམ་གྱི་བྲག་ཁུང་དུ་བསྡད་དོ། ། ཕེ་ལེ་ཤེད་པ་རྣམས་ཡར་སོང་སྟེ་ཡ་ཧུ་དཱ་རུ་སྒར་བཏབ་ཅིང་ལེ་ཧི་རུ་ཁྱབ་པའོ། ། 10 དེར་ཡ་ཧུ་དཱ་པ་རྣམས་ན་རེ། ཁྱོད་རྣམས་ཡར་ཡོང་སྟེ་ངེད་ཅག་ལ་རྒོལ་དོན་ཅི་ཞེས་སྨྲས་པ་ལ། དེ་རྣམས་ཀྱིས། ངེད་རྣམས་སཱམ་སོན་བཀྱིག་ཕྱིར་ཡར་འོངས་པ་ཡིན། ཁོས་ངེད་རྣམས་ལ་ཅི་བྱས་པ་ལྟར་ངེད་ཅག་གིས་ཀྱང་ཁོ་ལ་དེ་བཞིན་བྱེད་པར་འགྱུར་ཞེས་སྨྲས། 11 དེ་ནས་ཡ་ཧུ་དཱ་པ་མི་སུམ་སྟོང་མར་ཨེ་ཏམ་གྱི་བྲག་ཁུང་དུ་སོང་སྟེ་སཱམ་སོན་ལ་ན་རེ། ཕེ་ལེ་ཤེད་པ་རྣམས་ཀྱིས་ངེད་ཅག་ལ་དབང་བྱེད་པ་ཁྱོད་ཀྱིས་མི་ཤེས་སམ། ཁྱོད་ཀྱིས་ངེད་རྣམས་ལ་ཅི་བྱས་པ་ཡིན་ནམ་ཞེས་སྨྲས་པ་ལ། ཁོས་འདི་ལྟར། ཁོ་རྣམས་ཀྱིས་བདག་ལ་ཇི་ལྟར་བྱས་ན་བདག་གིས་ཀྱང་ཁོ་རྣམས་ལ་དེ་ལྟར་བྱས་པ་ཡིན་ཞེས་སྨྲས། 12 ཡ་ཧུ་དཱ་པ་རྣམས་ཀྱིས་ཁོ་ལ་འདི་ལྟར་སྨྲས་པ་སྟེ། ངེད་ཅག་ནི་ཁྱོད་རང་བཀྱིགས་ནས་ཕེ་ལེ་ཤེད་པའི་ལག་ཏུ་སྤྲོད་པའི་ཕྱིར་མར་འོངས་པ་ཡིན་ཞེས་པ་ན། སཱམ་སོན་ན་རེ། ཁྱོད་ཅག་རང་གིས་ང་ལ་མི་རྒོལ་བ་མནའ་དང་བཅས་ཁས་ལེན་དགོས་ཞེས་སྨྲས་ཤིང་། 13 དེ་དག་ན་རེ། ངེད་ཅག་གིས་ཁྱོད་རང་བཀྱིགས་ཏེ་ཕེ་ལེ་ཤེད་པ་རྣམས་ཀྱི་ལག་ཏུ་སྤྲོད་པ་ལས་ཁྱོད་རང་མི་གསོད་ཁག་ཐེག་ཡིན་ཞེས་སྨྲས། དེ་ནས་ཁོ་ཚོས་སཱམ་སོན་ནི་ཐག་གསར་གཉིས་ཀྱིས་བཀྱིགས་ཏེ་ཨེ་ཏམ་ནས་ཡར་ཁྲིད་དོ། ། 14 སཱམ་སོན་ནི་ལེ་ཧི་རུ་སླེབས་པ་དང་ཕེ་ལེ་ཤེད་པ་རྣམས་ཀྱིས་མདུན་ནས་འུར་བརྒྱབ་ཅིང་། དཀོན་མཆོག་ཡ་ཝཱེའི་ཐུགས་ཉིད་ཀྱིས་སཱམ་སོན་ལ་སྐུལ་སློང་ཆེན་པོ་མཛད་པ་དང་། ཁོའི་དཔུང་པ་བཀྱིག་བྱེད་ཀྱི་ཐག་པ་ནི་མེར་བསྲེགས་པའི་སོ་མ་དང་མཚུངས་ཤིང་། བཀྱིག་ཐག་རྣམས་ཁོའི་ལག་པ་ནས་བྲུལ་ཏོ། ། 15 ཁོས་བོང་བུའི་འགྲམ་རུས་རློན་པ་ཞིག་མཐོང་ནས་ལག་པ་བརྐྱངས་ཏེ་བླངས་ཤིང་། དེ་ཡིས་མི་ཆིག་སྟོང་བསད། 16 དེར་སཱམ་སོན་ན་རེ། ངས་བོང་བུའི་འགྲམ་རུས་ཀྱིས་མི་བསད་ནས་སྤུངས་པ་དང་། བོང་བུའི་འགྲམ་རུས་ཀྱིས་མི་ཆིག་སྟོང་བསད་པ་ཡིན་ཞེས་སྨྲས། 17 དེ་ལྟར་སྨྲས་པ་དང་བོང་བུའི་འགྲམ་རུས་དེ་ལག་ནས་ཕར་གཡུགས་ཤིང་། དེ་ནས་གནས་དེའི་མིང་ལ་རཱ་མད་ལེ་ཧི་ *ཞེས་ཐོགས་པའོ། ། 18 སཱམ་སོན་ཤིན་ཏུ་སྐོམ་པས་དཀོན་མཆོག་ཡ་ཝཱེ་ལ་འདི་ལྟར། ཁྱེད་ཀྱིས་གཡོག་པོའི་ལག་པ་བརྒྱུད་ནས་སྐྱབས་ཆེན་པོ་འདི་ལྟ་བུ་མཛད་པས། བདག་སྐོམས་ནས་འཆི་བ་དང་མཚན་སྐྱི་མ་བཅད་པ་རྣམས་ཀྱི་ལག་ལ་འཆོར་དུ་འཇུག་ག་ལ་རུང་ཞེས་ཞུ་བ་ཕུལ་བ་ལ། 19 དཀོན་མཆོག་གིས་ལེ་ཧི་ཡི་གཤོང་ས་བཀས་པར་མཛད་པས་དེ་ལས་ཆུ་ཐོན་པ་དང་། སཱམ་སོན་གྱིས་དེ་འཐུངས་བས་སླར་ཡང་སེམས་ཤུགས་རྒྱས་པར་གྱུར། ཆུ་མགོ་དེའི་མིང་ལ་ཨེན་ཧག་ཀོ་རེ་ ཞེས་བཏགས་ཤིང་། དེ་ནི་དུས་དེ་རིང་བར་དུ་ལེ་ཧི་རུ་ཡོད་དོ། ། 20 ཕེ་ལེ་ཤེད་པ་རྣམས་ཀྱིས་དབང་བྱེད་པའི་དུས་སུ། སཱམ་སོན་ནི་ལོ་ངོ་ཉི་ཤུའི་རིང་ལ་ཡེས་ར་ཨེལ་གྱི་ཁྲིམས་དཔོན་བྱས་པའོ། །
* ལེའུ་བཅོ་ལྔ་པ།:17 འདིར་རཱ་མད་ལེ་ཧི་ཞེས་པ་ནི་འགྲམ་རུས་ཕར་གཡུགས་པའི་དོན་ལ་འཇུག ལེའུ་བཅོ་ལྔ་པ།:19 འདིར་ཨེན་ཧག་ཀོ་རེ་ཞེས་པ་ནི་ཞུ་འབོད་བྱེད་མཁན་གྱི་ཆུ་མིག་ཅེས་པའི་དོན་ལ་འཇུག