ལེའུ་བཅུ་པ།
སྐུ་འདྲར་དད་པ་དང་དད་པ་ངོ་མ།
1 ཀྱེ་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ལགས། དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་གསུང་བའི་བཀའ་ལ་ཉོན་ཅིག
2 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཅག་གིས་ཕྱི་རོལ་པའི་ཚུལ་བཞིན་མ་བྱེད་ཅིག ནམ་མཁའི་རྟགས་རྣམས་ཀྱིས་ཕྱི་རོལ་པའི་སེམས་དཀྲུགས་ཀྱང་། ཁྱོད་རྣམས་དེ་ལ་མི་འཇིགས་པར་གྱིས།
3 མི་རྣམས་ཀྱི་ལུགས་སྲོལ་ལ་སྙིང་པོ་མེད་དེ། དེ་རྣམས་ཀྱིས་ནགས་ལས་ཤིང་ཞིག་སྟ་རེས་བཅད་འོངས་ནས་ལག་ཤེས་པས་ལག་རྩལ་ལ་བརྟེན་ནས་སྐུ་འདྲ་བཟོས་པ་ཡིན།
4 མི་ཡིས་གསེར་དངུལ་གྱིས་དེ་བརྒྱན་པ་དང་། མི་འགུལ་བའི་ཕྱིར་འཛེར་མ་དང་ཐོ་བས་བརྟན་པོར་བཟོས།
5 སྐུ་འདྲ་ནི་ཁི་རའི་ཞིང་ནང་གི་ཐོ་དང་འདྲ་ཞིང་། སྨྲ་མི་ནུས་ལ་འགྲོ་ཡང་མི་ནུས་པས་ངེས་པར་དུ་མི་ཡིས་ཡར་འགྱོག་དགོས་པ་ཡིན། དེ་རྣམས་ལ་མ་སྐྲག་ཅིག ཅི་ལ་ཞེ་ན། དེ་ཡིས་གནོད་བསྐྱལ་མི་ཐུབ་ལ། བྱིན་རླབས་གནང་བའི་ནུས་པ་ཡང་མེད་དོ་ཞེས་གསུངས།
6 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱི་མཚུངས་ཟླ་སུ་ཡང་མེད། ཁྱེད་ནི་མཆོག་ཏུ་གྱུར་པ་དེ་ཡིན་ལ། ཁྱེད་ཀྱི་མཚན་སྙན་ལ་མཐུ་སྟོབས་ཆེའོ། །
7 ཀྱེ་མི་རིགས་ཀུན་གྱི་རྒྱལ་པོ་ལགས། ཁྱེད་ལ་གུས་ཤིང་མི་འཇིགས་པ་སུ་ཡོད་དམ། ཁྱེད་ལ་གུས་ཤིང་འཇིགས་པར་འོས་ཏེ། མི་རིགས་ཀུན་གྱི་ཤེས་ལྡན་ཁྲོད་དང་དེ་རྣམས་ཀུན་གྱི་རྒྱལ་ཕྲན་ལའང་ཁྱེད་ཀྱི་དོ་ཟླ་སུ་ཡང་མེད་དོ། །
8 དེ་རྣམས་ནི་དུད་འགྲོ་དང་འདྲ་ཞིང་ཐམས་ཅད་བླུན་རྨོངས་ཡིན་ཏེ། སྐུ་འདྲ་ནི་ཤིང་སྡོང་འབའ་ཞིག་ཡིན་ལ་དེའི་བཀའ་སློབ་ལ་ཕན་ཐོགས་ཅི་ཡང་མེད་དོ། །
9 ཐཱར་ཞིས་ནས་ཁྱེར་འོངས་པའི་དངུལ་ལེབ་མོ་དང་། ཨུ་ཕཱ་ཟི་ནས་ཁྱེར་འོངས་པའི་གསེར་ཡོད་དེ། ཐམས་ཅད་ལག་ཤེས་པ་དང་དངུལ་མགར་གྱི་ལག་རྩལ་ཡིན། ཡང་མདོག་སྔོན་པོ་དང་རྒྱ་སྨུག་གི་གོས་ཡོད་དེ། དེ་ཚང་མ་ལག་རྩལ་ཅན་གྱི་ལས་ཀ་ཡིན་ནོ། །
10 དཀོན་མཆོག་ཡ་ཝཱེ་གཅིག་པུ་ནི་དཀོན་མཆོག་བདེན་པ་ཡིན་ལ། ཁོང་ནི་རྟག་ཏུ་གསོན་པོར་བཞུགས་པའི་དཀོན་མཆོག་དང་དུས་གཏན་གྱི་རྒྱལ་པོ་ཡིན་ཏེ། ཁོང་ཐུགས་ཁྲོས་པ་ཙམ་གྱིས་ས་གཞི་འདར་ཞིང་། ཁོང་གི་ཁྲོ་གཏུམ་ནི་མི་རིགས་ཀུན་གྱིས་མི་ཐེག་གོ །
11 ཁྱོད་ཚོས་དེ་དག་ལ་འདི་ལྟར། གནམ་ས་མཛད་མཁན་མིན་པའི་ལྷ་དེ་རྣམས་ནི། ས་སྟེང་དང་གནམ་འོག་ནས་མེད་པར་བཟོ་ངེས་ཞེས་ཤོད་དང་།
12 དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་ནུས་མཐུ་ལ་བརྟེན་ནས་ས་གཞི་བཀོད་ཅིང་། ཉིད་ཀྱི་ཤེས་རབ་ཀྱིས་འཇིག་རྟེན་མཛད་པ་དང་། ཡང་ཁོང་གི་མཁྱེན་རབ་ཀྱིས་ཨ་སྔོན་དབྱིངས་རྣམས་བཏིངས།
13 ཁོང་གིས་གསུང་སྐད་འདོན་དུས་ནམ་མཁའ་ནས་ཆུ་རྣམས་འཕྱུར་ཞིང་། ཁོང་གིས་ས་མཐའ་ནས་སྤྲིན་དང་སྨུག་པ་ལང་བར་མཛད་པ་དང་། ཆར་བ་དང་ཆབས་ཅིག་གློག་དམར་འཁྱུག་པར་མཛད། ཉིད་ཀྱི་གཏེར་མཛོད་རྣམས་ལས་རླུང་ཡང་འདོན་ནོ། །
14 མི་རེ་རེ་དུད་འགྲོ་དང་འདྲ་སྟེ་ཤེས་བྱ་མེད་ལ། དངུལ་མགར་རྣམས་ནི་རང་རང་གི་སྐུ་འདྲའི་རྐྱེན་གྱིས་ངོ་ཚ་བ་དང་། དེས་བླུགས་པའི་སྐུ་འདྲ་རྣམས་ནི་རྫུས་མ་ཡིན་ལ་དེ་དག་གི་ནང་དུ་དབུགས་ཀྱང་མེད་དོ། །
15 སྐུ་འདྲ་ཐམས་ཅད་སྙིང་པོ་མེད་པ་དང་། དེ་ནི་མི་ལ་མགོ་སྐོར་གཏོང་བྱེད་ཙམ་ཡིན་ཏེ། ཉེས་ཆད་གཅོད་པའི་དུས་ལ་སླེབས་ཚེ་དེ་དག་མེད་པར་བཟོ་ངེས་ཡིན།
16 ཡང་ཡ་ཀོབ་ཀྱི་ཐོབ་སྐལ་ནི་དེ་འདྲ་མིན་ཏེ། ཅི་ལ་ཞེ་ན། ཁོང་ནི་ཐམས་ཅད་འགོད་མཁན་གཙོ་བོ་ཡིན་པས་སོ། །ཡེས་ར་ཨེལ་ཡང་ཁོང་གི་ནོར་སྐལ་གྱི་ཚོ་ཁག་ཡིན་པ་དང་། ཁོང་གི་མཚན་ནི་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལགས་སོ། །
འབྱུང་འགྱུར་གྱི་ཆག་སྒོ།
17 ཀྱེ་མཐའ་ནས་བསྐོར་བའི་མི་རྣམས། ཁྱོད་རྣམས་ཀྱིས་ཅ་ལག་བསྡུས་ནས་ཡུལ་འདི་དང་འབྲལ་བར་གྱིས།
18 ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག ད་རེས་བདག་གིས་ཡུལ་འདིའི་མི་རྣམས་རྒྱང་དུ་གཡུག་པ་དང་། ཡང་དེ་རྣམས་ལ་གནོད་བསྐྱལ་ནས་ཁོ་ཚོའི་གོ་རྟོགས་སད་པར་བྱའོ་ཞེས་གསུངས།
19 ང་རང་རྨས་ཤིང་བདག་གི་རྨ་ཁ་ཤིན་ཏུ་ཆེ་བས་སྐྱོ་བ་ལ། ཡིན་ཡང་ངས་འདི་ནི་བདག་གིས་ངེས་པར་བཟོད་དགོས་པའི་སྡུག་བསྔལ་ཡིན་ཞེས་སྨྲས་སོ། །
20 ངའི་གུར་བཤིག་ཅིང་ངའི་ཐག་པ་ཐམས་ཅད་བཅད། ངའི་བུ་ཕྲུག་རྣམས་ཀྱང་ང་དང་བྲལ་ནས་མེད་པར་གྱུར་ཏེ། ད་ནི་ངའི་གུར་ཕུབ་མཁན་དང་ངའི་ཡོལ་བ་འགེལ་མཁན་སུ་ཡང་མེད།
21 ཅི་ལ་ཞེ་ན། རྫི་བོ་རྣམས་དུད་འགྲོ་ལྟ་བུར་གྱུར་ཅིང་དཀོན་མཆོག་ཡ་ཝཱེ་མ་བཙལ་བས་དོན་མ་འགྲུབ་ལ། དེ་དག་གི་ལུག་ཁྱུ་ཡང་ཐམས་ཅད་ཁ་ཐོར་དུ་སོང་།
22 སྐད་ཅིག་ཐོས་ཡོང་སྟེ། ལྟོས་དང་དགྲ་བོ་སླེབས་བྱུང་། ཟིང་སློང་ཆེན་པོ་ཞིག་བྱང་ཕྱོགས་ནས་འོང་ཞིང་། ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ཞིག་རོ་དང་ཁྱི་སྤྱང་གི་ཚང་དུ་བསྒྱུར་བའོ། །
23 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། མི་ཡི་འགྲོ་ལམ་རང་ལ་མི་དབང་བ་བདག་གིས་རྟོགས་ཏེ། ལམ་འགྲོ་བས་ཀྱང་རང་གི་གོམ་སྟབས་ལ་ཁ་ལོ་བསྒྱུར་མི་ནུས།
24 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་དྲང་གཞག་ངང་བདག་གི་སྐྱོན་སེལ་བ་ལས། ཉིད་ཀྱི་ཐུགས་ཁྲོའི་ནང་དུ་བདག་ལ་ཉེས་ཆད་མི་གཅོད་རོགས། ཅི་ལ་ཞེ་ན། ཁྱེད་ཀྱིས་ང་རང་མེད་པར་མི་མཛད་པའི་ཕྱིར་དུའོ། །
25 ཁྱེད་ཀྱིས་ཉིད་ཀྱི་ཐུགས་ཁྲོ་ནི་ཁྱེད་མི་ཤེས་པའི་རྒྱལ་ཁམས་དང་ཁྱེད་ཀྱི་མཚན་ནས་མི་འབོད་པའི་མི་རིགས་རྣམས་ཀྱི་སྟེང་དུ་ལྡུག་པར་མཛོད་ཅིག ཅི་ལ་ཞེ་ན། དེ་རྣམས་ཀྱིས་ཡ་ཀོབ་ཁྱུར་མིད་བཏང་བར་མ་ཟད་རྩ་བ་ནས་མེད་པར་བཟོས་ཤིང་། དེ་དག་གི་ཡུལ་ནི་མི་མེད་ས་སྟོང་དུ་བསྒྱུར་བའོ། །