ལེའུ་བཅུ་དྲུག་པ།
ཡོ་སེབ་ཀྱི་བུ་རྒྱུད་ལ་ཐོབ་པའི་ས་སྐལ།
1 ཡོ་སེབ་ཀྱི་བུ་རྒྱུད་ལ་རྒྱན་འཕངས་ནས་ཐོབ་པའི་ཡུལ་ནི་ཡེ་རུ་ཀོ་དང་ཉེ་བའི་ཡོར་དན་གཙང་པོ་ནས། ཡེ་རུ་ཀོ་ཤར་ཕྱོགས་ཀྱི་ཆུའི་ས་མཚམས་ཡིན་ཞིང་། ཡེ་རུ་ཀོ་ནས་ཡར་རི་ཁུལ་གྱི་དབེན་སྟོང་བརྒྱུད་ནས་པེད་ཨེལ་ལ་སླེབས།
2 ཡང་པེད་ཨེལ་ནས་ལོ་ཟི་ཡི་བར་དང་། ཨ་རག་པའི་ས་མཚམས་ལ་འབྲེལ་ཞིང་ཨ་ཏ་རོད་དུ་སླེབས།
3 ཡང་ནུབ་ཕྱོགས་སུ་མར་ཡབ་ལེ་ཏི་པའི་ས་མཚམས་དང་། པེད་ཧོ་རོན་ཞོལ་མ་དང་གེ་ཟེར་གྱི་ས་མཚམས་བར་དུ་སླེབས་ནས་རྒྱ་མཚོ་ནང་དུ་འདྲེས་སོ། །
4 ཡོ་སེབ་ཀྱི་བུ་མཱ་ན་ཤེ་དང་ཨེ་ཕཱར་ཡིམ་གཉིས་ལ་ཁོ་ཚོའི་ས་སྐལ་ཐོབ་པའོ། །
ཨེ་ཕཱར་ཡིམ་ལ་ཐོབ་པའི་ས་སྐལ།
5 ཨེ་ཕཱར་ཡིམ་གྱི་བུ་རྒྱུད་རྣམས་ཀྱི་ས་མཚམས་ནི་རུས་རྒྱུད་ལྟར་ཐོབ་པ་འདི་ལྟ་སྟེ། ཁོ་རྣམས་ཀྱི་ས་སྐལ་གྱི་ཤར་མཚམས་ནི་ཨ་ཏ་རོད་ཨད་དར་ནས་པེད་ཧོ་རོན་གོང་མ་བར་ཡིན།
6 ས་མཚམས་དེ་ནི་རྒྱ་མཚོའི་ནང་དུ་སླེབས་ཤིང་བྱང་གི་མིག་མེ་ཐད་དུ་འདྲེས། ཡང་ཤར་ཕྱོགས་སུ་བསྐོར་ནས་ཏ་ཨ་ནད་ཞི་ལོ་རུ་སླེབས་པ་དང་། ཡང་ཡ་ནོ་ཧ་ཡི་ཤར་ཕྱོགས་སུ་འབྲེལ།
7 ཡ་ནོ་ཧ་ནས་མར་ཨ་ཏ་རོད་དང་ན་ཨ་རད་དུ་སླེབས་ཤིང་། ཡེ་རུ་ཀོར་སླེབས་ནས་ཡོར་དན་གཙང་པོར་འདྲེས།
8 ཏ་ཕུ་ཨ་ནས་ནུབ་ཕྱོགས་སུ་ཁ་ནཱ་གྲོག་རོང་དུ་སླེབས་ཤིང་རྒྱ་མཚོར་འདྲེས། དེ་ནི་ཨེ་ཕཱར་ཡིམ་ཚོ་པར་རུས་རྒྱུད་ལྟར་ཐོབ་པའི་ས་སྐལ་ཡིན་ནོ། །
9 གཞན་མཱ་ན་ཤེ་པ་རྣམས་ཀྱི་ས་སྐལ་ལས་གྲོང་ཁྱེར་དང་གྲོང་ཁྱེར་ལ་གཏོགས་པའི་གྲོང་ཚོ་འགའ་ཤས་ཐོབ་པ་དང་། དེ་ཐམས་ཅད་ནི་ཨེ་ཕཱར་ཡིམ་གྱི་བུ་རྒྱུད་རྣམས་ལ་བགོས་པ་ཡིན་ནོ། །
10 ཁོ་ཚོས་གེ་ཟེར་གྱི་ཀ་ན་ཨན་པ་རྣམས་ཕྱིར་མ་བསྐྲད་ཅིང་། ཀ་ན་ཨན་པ་རྣམས་ད་ལྟའི་བར་དུ་ཨེ་ཕཱར་ཡིམ་པ་རྣམས་ཀྱི་ཁྲོད་དུ་གནས་པ་དང་། ངལ་ལས་བྱེད་མཁན་གཡོག་པོ་རུ་གྱུར་ཏོ། །