ལེའུ་གཉིས་པ།
རཱ་ཧབ་དང་ལྟ་ཉུལ་པ།
1 དེ་འཕྲལ་དུ། ནུན་གྱི་བུ་ཡོ་ཤུ་ཨ་ཡིས་སིད་ཏིམ་ནས་གསང་སྟབས་ཀྱིས་མི་གཉིས་ལྟ་ཉུལ་པར་བཏང་ཞིང་། ཁྱོད་གཉིས་ཡུལ་དེ་དང་ཡེ་རུ་ཀོ་ལ་ལྐོག་ལྟ་བྱེད་དུ་སོང་ཞིག་ཅེས་བསྒོས་པ་དང་། མི་དེ་གཉིས་སོང་ནས་སྨད་འཚོང་མ་རཱ་ཧབ་ཅེས་པའི་ཁྱིམ་དུ་སླེབས་ཤིང་དེར་ཞག་སྡོད་བྱས།
2 དོ་ནུབ་ཡེས་ར་ཨེལ་པའི་མི་འགའ་ཡུལ་འདིར་ལྟ་ཉུལ་བྱེད་དུ་སླེབས་འདུག་ཅེས་མི་ཞིག་གིས་ཡེ་རུ་ཀོའི་རྒྱལ་པོར་ཞུས་པ་ན།
3 ཡེ་རུ་ཀོའི་རྒྱལ་པོས་རཱ་ཧབ་ཀྱི་རྩར་མི་མངགས་ཏེ། ཁྱོད་སར་སླེབས་ཤིང་ཁྱོད་ཚང་ལ་འཛུལ་བའི་མི་དེ་གཉིས་ནི་ཡུལ་ཐམས་ཅད་ལ་ལྟ་ཉུལ་བྱེད་དུ་ཡོང་བ་ཡིན་པས་སྤྲོད་ཅིག་ཅེས་བཀའ་བབས་པ་ལ།
4 བུད་མེད་ཀྱིས་མི་དེ་གཉིས་སྦས་རྗེས་ན་རེ། མི་དེ་གཉིས་དངོས་གནས་ངའི་སར་སླེབས་བྱུང་ཡང་ཁོ་རྣམས་གང་ནས་ཐོན་པ་བདག་གིས་མི་ཤེས་སོ། །
5 མུན་རུབ་ནས་མཁར་སྒོ་རྒྱག་པའི་དུས་ལ་སླེབས་དུས་ཁོ་གཉིས་ཕྱིར་སོང་བ་རེད། གང་དུ་སོང་བ་ནི་བདག་གིས་མི་ཤེས། ད་ལྟ་ཁྱོད་རྣམས་མྱུར་དུ་ར་མདར་བརྒྱུགས་ན་ཁོ་ཚོའི་རྗེས་ཆོད་ངེས་ཡིན་ཞེས་ལན་བཏབ་བོ། །
6 དོན་དངོས་སུ་བུད་མེད་དེས་ཐོག་མར་མི་དེ་གཉིས་ཁང་ཀླད་དུ་ཁྲིད་ནས་ཁོ་རྣམས་དེར་བཏིངས་ཡོད་པའི་སོ་མ་ར་ཙའི་སོག་མའི་གསེང་དུ་སྦས་པ་ཡིན་ནོ། །
7 དེ་ནས་མི་དེ་རྣམས་ཡོར་དན་གཙང་པོའི་རབ་ཁར་ཁོ་གཉིས་ཀྱི་ར་མདར་བརྒྱུགས་པ་དང་། ཁོ་གཉིས་ཀྱི་ར་མདར་རྒྱུག་མཁན་རྣམས་ཕྱི་རུ་སོང་མ་ཐག་མཁར་སྒོ་བརྒྱབ་པ་རེད།
8 ཁོ་གཉིས་ད་དུང་མ་ཉལ་གོང་ལ། བུད་མེད་དེ་ཁང་ཀླད་དུ་ཁོ་གཉིས་ཀྱི་རྩར་ཡོང་སྟེ་ན་རེ།
9 དཀོན་མཆོག་ཡ་ཝཱེས་ཡུལ་འདི་ཁྱོད་རྣམས་ལ་གནང་ཟིན་པ་ཤེས་པར་མ་ཟད། ཁྱོད་རྣམས་ཀྱི་རྐྱེན་གྱིས་ངེད་ཅག་ནི་དངངས་སྐྲག་སྐྱེས་ཤིང་། ཡུལ་འདིའི་མི་ཐམས་ཅད་ཁྱོད་རྣམས་ཀྱི་མདུན་དུ་དཔའ་ཞུམ་པ་ཡིན།
10 ཅི་ལ་ཞེ་ན། ཁྱོད་རྣམས་ཨེ་ཅིབ་ཡུལ་ནས་ཐོན་པའི་དུས་སུ་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་གི་མདུན་དུ་རྒྱ་མཚོ་དམར་པོའི་ཆུ་ནི་ཅི་ལྟར་སྐམ་པར་མཛད་པ་དང་། ཁྱོད་རྣམས་ཀྱིས་ཡོར་དན་གཙང་པོའི་ཤར་ཕྱོགས་སུ་ཡོད་པའི་ཨེ་མོར་པའི་རྒྱལ་པོ་སི་ཧོན་དང་ཨོག་ཅེས་པ་གཉིས་ལ་ཅི་ཞིག་བྱས་པ་སྟེ། དེ་གཉིས་རྩ་མེད་དུ་བཏང་བ་ངེད་ཅག་གིས་ཐོས་པས་སོ། །
11 ངེད་རྣམས་ཀྱིས་དོན་འདི་དག་ཐོས་ཏེ་སེམས་ཀྱི་དཔའ་ཞུམ་པ་དང་། ཁྱོད་ཅག་གི་རྐྱེན་གྱིས་མི་བློ་སྟོབས་ཅན་ནི་གཅིག་ཀྱང་མེད་དོ། །ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ནི་སྟེང་གི་ནམ་མཁའ་དང་འོག་གི་ས་གཞིའི་དཀོན་མཆོག་ལགས་སོ། །
12 ད་ནི་བདག་གིས་ཁྱོད་གཉིས་ལ་དྲིན་བཟོས་པས། ཁྱོད་གཉིས་ཀྱིས་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་བདག་གི་ཕ་གཞིའང་དྲིན་གྱིས་སྐྱོང་རྒྱུ་ཡིན་པའི་དམ་བཅའ་བར་མ་ཟད།
13 བདག་གི་ཕ་མ་དང་ཕུ་ནུ་མིང་སྲིང་། ཁོ་རྣམས་ལ་གཏོགས་པ་ཐམས་ཅད་ཀྱི་སྲོག་སྐྱོབ་པ་དང་། ངེད་རྣམས་འཆི་བ་ལས་ཐར་བར་བྱེད་རྒྱུ་ཡིན་པའི་དངོས་དཔང་ཞིག་ང་ལ་སྤྲོད་པར་མཛོད་ཅེས་ཞུས་པར།
14 མི་དེ་གཉིས་ཀྱིས་ཁོ་མོར་ན་རེ། གལ་ཏེ་ཁྱོད་ཀྱིས་ངེད་གཉིས་ཀྱི་དོན་འདི་ཕྱི་ལ་མ་བསྒྲགས་ན། ངེད་རྣམས་ནི་ཁྱོད་ཅག་གི་ཚབ་ཏུ་འཆི་དགོས་ཀྱང་ཆོག དཀོན་མཆོག་ཡ་ཝཱེས་ཡུལ་འདི་ངེད་ཅག་ལ་གནང་བའི་ཚེ། ངེད་རྣམས་ཀྱིས་བྱམས་བརྩེ་དང་གཞུང་དྲང་གིས་ཁྱོད་ཚོར་ལྟ་སྐྱོང་བྱེད་ངེས་ཡིན་ཞེས་སྨྲས།
15 དེ་ནས། བུད་མེད་དེའི་ཁང་པ་ནི་ལྕགས་རི་དང་འབྲེལ་ཡོད་ཅིང་ཁོ་མོ་ཡང་ལྕགས་རིའི་སྟེང་དུ་གནས་པས། ཁོ་མོས་མི་དེ་གཉིས་སྒེའུ་ཁུང་ནས་ཐག་པས་མར་བཏང་བ་དང་།
16 ཁོ་མོས་དེ་གཉིས་ལ། རྗེས་སྙེག་མཁན་རྣམས་ཁྱོད་ཅག་དང་འཕྲད་ཉེན་ཡོད་པས་ཁྱོད་ཅག་རི་ཁུལ་དུ་སོང་ནས་དེར་ཉིན་གསུམ་ལ་སྦས་ཏེ། རྗེས་སྙེག་མཁན་རྣམས་ཕྱིར་སླེབས་རྗེས་ད་གཟོད་ཁྱོད་ཅག་རང་གི་ལམ་དུ་ཆས་ཤིག་ཅེས་སྨྲས་པ་ལ།
17 དེ་གཉིས་ཀྱིས་ཁོ་མོར། ཁྱོད་ཀྱིས་འདི་ལྟར་བྱེད་དགོས་པ་སྟེ། དེ་ལྟར་མ་བྱས་ཚེ་ཁྱོད་ཀྱིས་ངེད་ཅག་ལ་མནའ་བསྐྱལ་དུ་བཅུག་པ་དེ་ངེད་ཅག་དང་འབྲེལ་བ་མེད།
18 ངེད་རྣམས་ཡུལ་འདིར་སླེབས་ཚེ། ཁྱོད་ཀྱིས་ཐག་སྐུད་མཚལ་མདོག་ཅན་འདི་ངེད་རྣམས་མར་གཏོང་སའི་སྒེའུ་ཁུང་སྟེང་དུ་འདོགས་དགོས་པར་མ་ཟད། ཁྱོད་ཀྱི་ཕ་མ་དང་སྤུན་ཟླ། དེ་མིན་ཁྱོད་ཀྱི་ཕ་གཞིས་ཀྱི་ཁྱིམ་མི་ཐམས་ཅད་ཁྱོད་ཚང་ལ་འཛོམ་པར་བྱེད་དགོས།
19 སུ་ཞིག་ཁྱོད་ཀྱི་ཁྱིམ་ནས་ཕྱིར་བུད་དེ་སྲང་ལམ་དུ་སོང་ན་དེའི་སྡིག་པ་ནི་ཁོ་རང་ཉིད་ཀྱི་མགོར་འབབ་པ་དང་ངེད་ཅག་ལ་འབྲེལ་བ་མེད། ཁྱོད་ཀྱི་ཁྱིམ་དུ་ཡོད་པ་རྣམས་ལ་གལ་ཏེ་སུ་ཞིག་གིས་གནོད་འཚེ་བཏང་ན་དེའི་ཁྲག་བཞུར་བའི་སྡིག་པ་ནི་ངེད་ཅག་གི་མགོར་འབབ་པ་ཡིན།
20 གལ་ཏེ་ཁྱོད་ཀྱིས་ངེད་ཅག་གི་དོན་འདི་ཕྱི་རུ་བསྒྲགས་ན། ཁྱོད་ཀྱིས་ངེད་ཅག་ལ་འཇོག་ཏུ་བཅུག་པའི་དམ་བཅའ་ནི་ངེད་ཅག་དང་འབྲེལ་བ་མེད་ཅེས་སྨྲས་སོ། །
21 ཡང་ཁོ་མོས། ཁྱོད་རྣམས་ཀྱིས་སྨྲས་པ་བཞིན་དུ་གྱུར་ཅིག་ཅེས་སྨྲས་ཤིང་དེ་དག་འགྲོ་རུ་བཅུག་པ་དང་། ཡང་ཐག་སྐུད་མཚལ་མདོག་ཅན་སྒེའུ་ཁུང་སྟེང་དུ་བཏགས་པ་རེད།
22 ཁོ་གཉིས་རི་ཁུལ་དུ་སླེབས་ནས་རྗེས་སྙེག་མཁན་རྣམས་ཕྱིར་འགྲོ་བའི་བར་དུ་དེར་ཉིན་གསུམ་ལ་བསྡད་པ་དང་། རྗེས་སྙེག་མཁན་རྣམས་ཀྱིས་ལམ་ཧྲིལ་པོར་ཁོ་གཉིས་བཙལ་ཡང་མ་རྙེད་དོ། །
23 དེ་ནས་ཁོ་གཉིས་རི་ལས་མར་བབས་ཏེ་ཆུ་བོ་བརྒལ་ནས་ནུན་གྱི་བུ་ཡོ་ཤུ་ཨའི་དྲུང་དུ་སླེབས་ཤིང་། ཁོ་རྣམས་ལ་ཅི་བྱུང་བའི་དོན་ཐམས་ཅད་ཁོང་ལ་བཤད་པ་དང་།
24 ཡང་ཡོ་ཤུ་ཨ་ལ། དཀོན་མཆོག་ཡ་ཝཱེས་དངོས་གནས་ཡུལ་དེ་ཐམས་ཅད་རང་ཅག་ལ་གནང་བ་དང་། ཡུལ་དེའི་མི་ཐམས་ཅད་ནི་ངེད་རྣམས་ཀྱི་མདུན་དུ་དཔའ་ཞུམ་པ་རེད་ཅེས་སྨྲས་སོ། །