ལེའུ་ཉི་ཤུ་པ།
སྐྱབས་བཅོལ་སའི་གྲོང་ཁྱེར་རྣམས།
དཀོན་མཆོག་ཡ་ཝཱེས་ཡོ་ཤུ་ཨ་ལ་སྐུལ་སློང་མཛད་ནས་འདི་སྐད་དུ། ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར། ཁྱོད་ཚོས་བདག་གིས་མོ་ཤེ་བརྒྱུད་ནས་ཁྱོད་རྣམས་ལ་སྐུལ་སློང་བྱས་པ་བཞིན། རང་ཉིད་ལ་སྐྱབས་བཅོལ་སའི་གྲོང་ཁྱེར་རྣམས་འཛུགས་དགོས་པ་དང་། སྟེས་དབང་གིས་མི་གསོད་ནོར་བྱས་པ་རྣམས་དེར་འབྲོ་རུ་འཇུག་དགོས། གྲོང་ཁྱེར་དེ་དག་ཁྱོད་རྣམས་ལ་དགྲ་ཤ་ལེན་མཁན་ལས་སྐྱབས་བཅོལ་སའི་གནས་སུ་བྱས་ཆོག མི་གསོད་མཁན་དེ་གྲོང་ཁྱེར་དེ་རྣམས་ཀྱི་གཅིག་ལ་བྲོས་ནས་མཁར་སྒོ་ཁར་ལངས་སྡོད་ཅིང་། ཁོའི་དོན་དག་གྲོང་ཁྱེར་ནང་གི་རྒན་པོ་རྣམས་ལ་བཤད་དགོས་པ་དང་། དེ་རྣམས་ཀྱིས་ཁོ་གྲོང་ཁྱེར་ནང་དུ་བླངས་ནས་ཁོ་རྣམས་ཀྱི་ཁྲོད་དུ་གཞིས་འཛིན་པའི་ཕྱིར་ཁོ་ལ་གནས་ཤིག་སྤྲོད་དགོས། གལ་ཏེ་དགྲ་ཤ་ལེན་མཁན་ཁོའི་ར་མདར་འོངས་ཚེ། ཁོ་ལ་སྔར་ནས་ཞེ་འཁོན་མེད་པར་མི་གསོད་ནོར་བྱས་པ་ཡིན་པས། རྒན་པོ་རྣམས་ཀྱིས་ཁོ་རང་དགྲ་ཤ་ལེན་མཁན་གྱི་ལག་ཏུ་སྤྲོད་མི་རུང་། མི་གསོད་མཁན་དེ་ཚོགས་མིའི་མདུན་དུ་ལངས་ནས་འདྲི་གཅོད་ལ་མཉན་པའི་བར་དུ་གྲོང་ཁྱེར་དེའི་ནང་འདུག་དགོས་པ་དང་། སྐབས་དེའི་མཆོད་དཔོན་ཆེན་མོ་ཚེ་ལས་འདས་རྗེས་ད་གཟོད་རང་གི་གྲོང་རྡལ་དང་རང་ཁྱིམ་སྟེ་ཁོ་རང་ཕྱི་རུ་བྲོས་འོངས་སའི་གྲོང་རྡལ་དུ་ཕྱིར་ལོག་ཆོག་པ་ཡིན་ཞེས་བསྒོ་བར་གྱིས་ཤིག་ཅེས་གསུངས་སོ། ། དེ་ནས་ཡེས་ར་ཨེལ་པས་ནཱབ་ཐ་ལིའི་རི་ཁུལ་ནས་ག་ལིལ་ཡུལ་གྱི་ཀེ་དེ་སི་དང་། ཨེ་ཕཱར་ཡིམ་གྱི་རི་ཁུལ་ནས་སི་ཀེམ། ཡ་ཧུ་དཱའི་རི་ཁུལ་ནས་ཀིར་ཡཱད་ཨར་པཱ་སྟེ་ཧེབ་རོན་བཅས་ལོགས་སུ་བཀར་ཅིང་། ཡང་ཡོར་དན་གཙང་པོའི་ཕྱི་རུ་ཡེ་རུ་ཀོ་ཡི་ཤར་ཏུ། རུ་བེན་ཚོ་པ་ནས་དབེན་སྟོང་གི་ཐང་དུ་པེ་ཙེར་བཙུགས། གཱ་རྡུའི་ཚོ་པ་ནས་གིལ་ཨད་ཀྱི་རཱ་མོད་བཙུགས། མཱ་ན་ཤེའི་ཚོ་པ་ནས་པཱ་ཤན་གྱི་གོ་ལན་བཙུགས། དེ་ཐམས་ཅད་ནི་ཡེས་ར་ཨེལ་པ་རྣམས་དང་ཁོ་ཚོའི་ཁྲོད་བྱེས་སུ་སྡོད་མཁན་ཕྱི་མི་རྣམས་ཀྱིས་ལོགས་སུ་བཀར་བའི་ཡུལ་ཕྱོགས་ཡིན་ཏེ། མི་གསོད་ནོར་བྱས་པ་ཐམས་ཅད་དེར་བྲོས་ནས་དགྲ་ཤ་ལེན་མཁན་གྱི་ལག་ནས་མི་འཆི་བར། ཁོ་རང་ཚོགས་མིའི་མདུན་དུ་ལངས་བསྡད་ནས་འདྲི་གཅོད་ལ་མཉན་པའི་ཕྱིར་རོ། །