ལེའུ་བཞི་པ།
རྡོ་བཙུགས་ནས་བདེན་དཔང་བྱས་པ།
1 མི་ཐམས་ཅད་ཡོར་དན་གཙང་པོ་བརྒལ་བ་ན། དཀོན་མཆོག་ཡ་ཝཱེས་ཡོ་ཤུ་ཨ་ལ་འདི་སྐད་དུ།
2 ཁྱོད་ཀྱིས་འབངས་རྣམས་ལས་མི་བཅུ་གཉིས་འདེམས་དགོས་པ་སྟེ། ཚོ་པ་རེ་ནས་མི་རེ་འདེམས་པ་དང་།
3 ཁོ་རྣམས་ལ་འདི་སྐད་དུ། ཁྱོད་ཚོས་འདིར་ཡོར་དན་གཙང་པོ་ལས་མཆོད་དཔོན་རྣམས་ལངས་སྡོད་ས་ནས་རྡོ་བཅུ་གཉིས་བླངས་ཏེ་འཁྱེར་བ་དང་། དོ་དགོང་ཁྱོད་རྣམས་སྡོད་སའི་གནས་དེར་འཇོག་དགོས་ཞེས་བསྒོ་བར་བྱའོ་ཞེས་གསུངས།
4 དེ་ནས་ཡོ་ཤུ་ཨ་ཡིས་ཁོས་ཡེས་ར་ཨེལ་པ་རྣམས་ཀྱི་ཁྲོད་དུ་ཚོ་པ་རེ་ནས་མི་རེ་སྟ་གོན་བྱས་པའི་མི་བཅུ་གཉིས་པོ་ཐམས་ཅད་བོས་ཡོང་ཞིང་།
5 ཁོ་རྣམས་ལ་ན་རེ། ཁྱོད་རྣམས་ཡོར་དན་གཙང་པོ་བརྒལ་ནས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་མདུན་ནས་ཕར་འགྲོ་དགོས་ཤིང་། ཡེས་ར་ཨེལ་གྱི་ཚོ་པ་བཅུ་གཉིས་པོའི་གྲངས་ཀ་ལྟར་མི་རེས་རྡོ་རེ་བླངས་ནས་ཕྲག་ལ་ཁུར་ཅིག
6 རྡོ་འདི་རྣམས་ནི་ཁྱོད་ཚོའི་ཁྲོད་དུ་དཔང་རྟགས་བྱས་ཆོག་པ་སྟེ། རྗེས་སུ་ཁྱོད་ཅག་གི་བུ་རྒྱུད་རྣམས་ཀྱིས་རྡོ་འདི་དག་གི་དོན་གང་ཡིན་པར་དྲིས་ན།
7 ཁྱོད་ཅག་གིས་ཁོ་རྣམས་ལ། འདི་ནི་ཡོར་དན་གཙང་པོའི་ཆུ་བོ་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་གྱི་དྲུང་ནས་རྒྱུན་ཆད་པ་དང་། ཞལ་ཆད་ཀྱི་ཤུར་སྒམ་ཡོར་དན་གཙང་པོ་བརྒལ་བའི་དུས་སུ་ཡོར་དན་གཙང་པོའི་ཆུ་རྒྱུན་ཆད་པར་གྱུར་ཅིང་། རྡོ་འདི་རྣམས་ནི་ཡེས་ར་ཨེལ་པ་རྣམས་ཀྱི་དུས་གཏན་གྱི་དྲན་རྟེན་ཡིན་ཞེས་སྨྲོས་ཤིག་ཅེས་སྨྲས་སོ། །
8 དེ་ནས་ཡེས་ར་ཨེལ་པ་རྣམས་ཀྱིས་ཡོ་ཤུ་ཨ་ཡིས་ཇི་ལྟར་བསྒོས་པ་བཞིན་ཡེས་ར་ཨེལ་པ་རྣམས་ཀྱི་ཚོ་པ་དག་གི་གྲངས་ཀ་ལྟར་ཡོར་དན་གཙང་པོ་ལས་རྡོ་བཅུ་གཉིས་བླངས་ཏེ། ཐམས་ཅད་དཀོན་མཆོག་ཡ་ཝཱེས་ཡོ་ཤུ་ཨ་ལ་ཇི་ལྟར་བཀའ་བསྒོས་པ་བཞིན་དུ་བྱས་ཏེ། ཁོ་ཚོས་རྡོ་རྣམས་ཕར་སྡོད་སའི་གནས་སུ་ཁྱེར་ནས་དེར་བཞག་གོ །
9 ཡོ་ཤུ་ཨ་ཡིས་གཞན་ཡང་རྡོ་བཅུ་གཉིས་ཡོར་དན་གཙང་པོ་རུ་ཞལ་ཆད་ཀྱི་ཤུར་སྒམ་འཁུར་མཁན་མཆོད་དཔོན་རྣམས་ལངས་སྡོད་སའི་གནས་སུ་བསླངས་པ་དང་། རྡོ་དེ་རྣམས་ད་ལྟའི་བར་དུ་གནས་དེར་ཡོད་དོ། །
10 དཀོན་མཆོག་ཡ་ཝཱེས་ཡོ་ཤུ་ཨ་ལ་འབངས་རྣམས་ལ་བསྒོ་བར་སྐུལ་སློང་མཛད་པ་སྟེ། མོ་ཤེས་ཡོ་ཤུ་ཨ་ལ་བསྒོས་པའི་བཀའ་ཐམས་ཅད་ལྟར་དོན་རྣམས་བསྒྲུབས་ནས་རྫོགས་པའི་བར་དུ། ཞལ་ཆད་ཀྱི་ཤུར་སྒམ་འཁུར་མཁན་མཆོད་དཔོན་རྣམས་ཡོར་དན་གཙང་པོ་རུ་ལངས་བསྡད་ཅིང་། དེ་ནས་འབངས་མི་རྣམས་མགྱོགས་མྱུར་ངང་ཆུ་ལས་བརྒལ་ཏོ། །
11 འབངས་མི་ཐམས་ཅད་གཙང་པོ་ལས་བརྒལ་བ་དང་། དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་དང་མཆོད་དཔོན་རྣམས་འབངས་མིའི་མདུན་ནས་ཕ་རོལ་ཏུ་ཕྱིན།
12 རུ་བེན་པ་དང་གཱ་རྡུ་པ། མཱ་ན་ཤེའི་ཚོ་པ་ཕྱེད་ཀའི་མི་རྣམས་བཅས་པ་མོ་ཤེས་ཁོ་ཚོར་ཇི་ལྟར་བཀའ་བསྒོས་པ་བཞིན་དུ། གོ་མཚོན་ཁྱེར་ཏེ་ཡེས་ར་ཨེལ་པ་རྣམས་ཀྱི་མདུན་ནས་ཕར་ཕྱིན་པ་དང་།
13 མི་ཁྲི་ཚོ་བཞི་ཙམ་འཐབ་མོ་བྱེད་པར་སྟ་གོན་བྱས་ཏེ་དཀོན་མཆོག་ཡ་ཝཱེའི་དྲུང་ནས་ཕར་སོང་ཞིང་། ཡེ་རུ་ཀོ་ཡི་ཐང་དུ་སླེབས་ནས་གཡུལ་སར་བསྐྱོད་པར་སྒུག་བསྡད་པ་དང་།
14 ཉིན་དེར་དཀོན་མཆོག་ཡ་ཝཱེས་ཡོ་ཤུ་ཨ་ནི་ཡེས་ར་ཨེལ་པ་རྣམས་ཀྱི་མིག་ནང་ལ་མཆོག་ཏུ་གྱུར་བར་མཛད་ཅིང་། འབངས་རྣམས་ཀྱིས་སྔར་མོ་ཤེ་ལ་ཇི་ལྟར་གུས་གུས་ཞུམ་ཞུམ་བྱས་པ་བཞིན་དུ། ཁོའི་མི་ཚེ་གང་པོར་ཁོ་ལ་གུས་གུས་ཞུམ་ཞུམ་བྱས་སོ། །
15 དཀོན་མཆོག་ཡ་ཝཱེས་ཡོ་ཤུ་ཨ་ལ་འདི་སྐད་དུ།
16 ཁྱོད་ཀྱིས་བཀའ་ཁྲིམས་ཀྱི་ཤུར་སྒམ་འཁུར་མཁན་མཆོད་དཔོན་རྣམས་ཡོར་དན་གཙང་པོ་ནས་ཡར་འོང་བར་བསྒོས་ཤིག་ཅེས་གསུངས་པ་ལ།
17 ཡོ་ཤུ་ཨ་ཡིས་མཆོད་དཔོན་རྣམས་ལ། ཁྱོད་རྣམས་ཡོར་དན་གཙང་པོ་ནས་ཡར་ཤོག་ཅིག་ཅེས་བསྒོས་སོ། །
18 དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་འཁུར་མཁན་མཆོད་དཔོན་རྣམས་ཡོར་དན་གཙང་པོ་ནས་ཡར་ཐོན་ཞིང་རྐང་མཐིལ་སྐམ་སར་སྤོས་མ་ཐག ཡོར་དན་གཙང་པོའི་ཆུ་ནི་སྔར་གནས་སུ་བཞུར་ཅིང་སྔར་བཞིན་འགྲམ་གཉིས་སུ་རྒྱས་སོ། །
19 ཟླ་དང་པོའི་ཚེས་བཅུ་ཉིན་འབངས་རྣམས་ཡོར་དན་གཙང་པོ་ནས་ཡར་ཐོན་ཞིང་། ཡེ་རུ་ཀོ་ཡི་ཤར་ཕྱོགས་ཏེ་གིལ་གལ་ཡུལ་དུ་སྒར་བཏབ།
20 ཡོ་ཤུ་ཨ་ཡིས་ཁོ་རྣམས་ཀྱིས་ཡོར་དན་གཙང་པོ་ནས་བླངས་པའི་རྡོ་བཅུ་གཉིས་པོ་དེ་གིལ་གལ་ཡུལ་དུ་བསླངས་པ་དང་།
21 ཡེས་ར་ཨེལ་པ་རྣམས་ལ། ཕྱིས་སུ་ཁྱོད་ཅག་གི་བུ་རབས་ཚ་རྒྱུད་ཀྱིས་རང་གི་ཕ་ལ་རྡོ་འདི་རྣམས་ཀྱི་དོན་གང་ཡིན་པ་དྲིས་ན།
22 ཁྱོད་ཅག་གིས་ཁོ་ཚོར་སྔར་ཡེས་ར་ཨེལ་པ་རྣམས་སྐམ་ས་བརྒྱུད་ནས་ཡོར་དན་གཙང་པོ་འདི་བརྒལ་བ་ཡིན་ཞེས་སྨྲོས་ཤིག
23 ཅི་ལ་ཞེ་ན། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་སྔར་ངེད་ཅག་གི་སྔོན་དུ་ངེད་རྣམས་ཚུར་སླེབས་པའི་བར་དུ་རྒྱ་མཚོ་དམར་པོའི་ཆུ་སྐམ་པར་མཛད་པ་ཇི་བཞིན་དུ། ཁྱོད་ཅག་གི་སྔོན་དུ་ཁྱོད་རྣམས་ཚུར་སླེབས་པའི་བར་དུ་ཡོར་དན་གཙང་པོའི་ཆུ་སྐམ་པར་མཛད་པ་དང་།
24 དེ་ནི་ས་སྟེང་གི་མི་ཐམས་ཅད་ཀྱིས་དཀོན་མཆོག་ཡ་ཝཱེའི་ཕྱག་ཟུང་ལ་ནུས་མཐུ་ཆེན་པོ་ལྡན་པ་རྟོགས་པར་བྱེད་པ་དང་། ཁྱོད་རྣམས་ཀྱིས་རྒྱུན་ནས་རྒྱུན་དུ་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ལ་གུས་ཤིང་འཇིགས་པར་བྱེད་པའི་ཕྱིར་ཡིན་ཞེས་སྨྲས་སོ། །