ལེའུ་དགུ་པ།
གི་པེ་ཨོན་པ་རྣམས་ཀྱི་གཡོ་སྒྱུ།
1 ཡོར་དན་གཙང་པོའི་ནུབ་ཕྱོགས་སུ་རི་ཁུལ་དང་རི་ཀླུང་། དེ་མིན་ལེ་པཱ་ནོན་རི་བོའི་ཁ་གཏད་དུ་རྒྱ་མཚོ་ཆེན་པོའི་འགྲམ་རྒྱུད་ལ་གནས་པའི་རྒྱལ་པོ་རྣམས་ཏེ། ཧེད་པ་དང་ཨེ་མོར་པ། ཀ་ན་ཨན་པ། ཕེ་རེ་ཟི་པ། ཧེ་བི་པ། ཡེ་བུ་སི་པ་བཅས་ཀྱི་རྒྱལ་པོ་ཀུན་གྱིས་དོན་དེ་ཐོས་པ་དང་།
2 ཚང་མ་མཉམ་དུ་འཛོམས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་ཡོ་ཤུ་ཨ་དང་ཡེས་ར་ཨེལ་པ་རྣམས་ལ་འཐབ་པར་བརྩམས།
3 གིབ་ཡོན་གྱི་མི་རྣམས་ཀྱིས་ཡོ་ཤུ་ཨ་ཡིས་ཡེ་རུ་ཀོ་དང་ཨེ་ཡུ་གྲོང་ཁྱེར་ལ་ཇི་ལྟར་བྱས་པའི་དོན་རྣམས་ཐོས་ནས།
4 གཡོ་སྒྱུས་བང་ཆེན་དུ་བརྫུས་ཏེ་ཁུག་མ་རྙིང་ཧྲུལ་དང་རལ་ཞིང་ལྷན་པ་བརྒྱབ་པའི་རྒུན་ཆང་གི་རྐྱལ་ཁུག་རྙིང་བ་བོང་བུར་བཀལ་ཏེ།
5 ལྷམ་རྙིང་ལྷན་པ་ཅན་ཞིག་རྐང་པར་གྱོན་ཞིང་། གྱོན་གོས་རྙིང་བ་ལུས་ལ་གྱོན་པ་དང་། ཁོ་རྣམས་ཀྱིས་འཁྱེར་བའི་བག་ལེབ་ཚང་མ་སྐམ་ཞིང་སྤུ་སྐྱེས་ཡོད་ལ།
6 ཁོ་རྣམས་གིལ་གལ་དུ་ཡོད་པའི་སྒར་དུ་ཡོ་ཤུ་ཨ་དང་འཕྲད་པར་ཕྱིན་ཅིང་། ཁོ་དང་ཡེས་ར་ཨེལ་གྱི་མི་རྣམས་ལ། ངེད་ཅག་ནི་རྒྱང་རིང་ཡུལ་ནས་འོངས་པ་ཡིན་ལ་ད་ལྟ་ཁྱེད་ཀྱིས་ངེད་རྣམས་ལ་དམ་བཅའ་འཇོག་པར་ཞུ་ཞེས་སྨྲས་པ་ལ།
7 ཡེས་ར་ཨེལ་པ་རྣམས་ཀྱིས་ཧེ་བི་པ་དེ་རྣམས་ལ། ཁྱོད་ཅག་ནི་ངེད་རྣམས་ཀྱི་ཁྲོད་དུ་གནས་པ་ཡིན་པར་དོགས་སོ། །གལ་སྲིད་དེ་ལྟར་ཡིན་ན་ཁྱོད་རྣམས་ལ་དམ་བཅའ་འཇོག་ག་ལ་རུང་ཞེས་སྨྲས།
8 ཁོ་རྣམས་ཀྱིས་ཡོ་ཤུ་ཨ་ལ། ངེད་རྣམས་ནི་ཁྱེད་ཀྱི་གཡོག་པོ་ཡིན་ཞེས་སྨྲས། ཡོ་ཤུ་ཨ་ཡིས་དེ་རྣམས་ལ། ཁྱོད་རྣམས་སུ་ཡིན། གང་ནས་འོངས་པ་ཡིན་ཞེས་དྲིས་པ་ལ།
9 ཁོ་རྣམས་ཀྱིས་ལན་དུ། གཡོག་པོ་རྣམས་རྒྱང་ཐག་རིང་བའི་ཡུལ་ནས་འོངས་པ་ཡིན་ཏེ། རྒྱུ་མཚན་ནི་ཁྱེད་ཀྱི་དཀོན་མཆོག་ཡ་ཝཱེའི་མཚན་སྙན་དང་ཁོང་གིས་ཨེ་ཅིབ་ཡུལ་ནས་མཛད་པའི་དོན་ཐམས་ཅད་དང་།
10 དེར་མ་ཟད་ཁོང་གིས་ཡོར་དན་གཙང་པོའི་ཤར་ཕྱོགས་ཀྱི་ཨེ་མོར་པའི་རྒྱལ་པོ་གཉིས་ཏེ། ཧེ་སི་པོན་གྱི་རྒྱལ་པོ་སི་ཧོན་དང་ཨ་ཤཱ་ཐ་རོད་ལ་གནས་པའི་པཱ་ཤན་གྱི་རྒྱལ་པོ་ཨོག་གཉིས་ལ་ཇི་ལྟར་མཛད་པའི་དོན་ཐམས་ཅད་ཐོས་པས།
11 ངེད་ཅག་གི་རྒན་པོ་རྣམས་དང་རང་གི་ཡུལ་མི་ཐམས་ཅད་ཀྱིས་ངེད་རྣམས་ལ། ཁྱོད་རྣམས་ཀྱིས་ལག་ཏུ་ལམ་བྲོ་ཁྱེར་ཏེ་ཡེས་ར་ཨེལ་པ་རྣམས་བསུ་རུ་སོང་ནས། ཁོང་རྣམས་ལ། ངེད་ཅག་ནི་ཁྱེད་ཀྱི་གཡོག་པོ་ཡིན་པ་དང་ད་ལྟ་ཁྱེད་རྣམས་ཀྱིས་ངེད་ཅག་ལ་དམ་བཅའ་འཇོག་པར་ཞུ་ཞེས་ཞུས་ཤིག་ཅེས་སྨྲས་སོ། །
12 ངེད་རྣམས་ཕྱིར་བུད་དེ་ཁྱེད་རྣམས་ཀྱི་སར་འོང་བའི་ཉིན་མོར་ཁྱིམ་ནས་ཁྱེར་ཡོང་བའི་བག་ལེབ་འདི་ད་དུང་ཚ་མོ་ཡིན་ནའང་། གཟིགས་དང་། ད་ལྟ་སྐམ་ནས་སྤུ་སྐྱེས་པ་ཡིན།
13 རྒུན་ཆང་གི་རྐྱལ་ཁུག་འདི་ངེད་རྣམས་ཀྱིས་རྒུན་ཆང་ལྡུག་པའི་སྐབས་སུ་ད་དུང་གསར་པ་ཡིན་ནའང་། གཟིགས་དང་། ད་ལྟ་གས་རལ་དུ་གྱུར་ཏོ། །ངེད་རྣམས་ཀྱི་གྱོན་གོས་དང་ལྷམ་འདི་ལམ་ཐག་ཧ་ཅང་རིང་བས་གྱོན་ནས་རྙིང་བར་གྱུར་ཏོ་ཞེས་སྨྲས་སོ། །
14 ཡེས་ར་ཨེལ་པ་རྣམས་ཀྱིས་ཁོ་ཚོའི་ཁ་ཟས་ལས་ཉུང་ཙམ་བླངས་ཤིང་དཀོན་མཆོག་ཡ་ཝཱེ་ལ་མ་ཞུས་སོ། །
15 དེ་ནས་ཡོ་ཤུ་ཨས་ཁོ་རྣམས་དང་འདུམ་འགྲིག་བྱས་ཤིང་། ཁོ་རྣམས་ལ་དམ་བཅའ་བཞག་ནས་ཁོ་རྣམས་འཚོ་རུ་བཅུག མི་ཚོགས་ཀྱི་འགོ་དཔོན་རྣམས་ཀྱིས་ཀྱང་ཁོ་ཚོར་མནའ་བཞག་གོ །
16 ཡེས་ར་ཨེལ་པས་ཁོ་རྣམས་དང་དམ་བཅས་པའི་རྗེས་སུ་ཉིན་གསུམ་འགོར་བ་ན་ད་གཟོད་ཁོ་རྣམས་ནི་ཁྱིམ་མཚེས་ཡིན་པ་དང་ཡེས་ར་ཨེལ་པ་རྣམས་ཀྱི་ཁྲོད་དུ་གནས་ཡོད་པ་ཐོས།
17 ཡེས་ར་ཨེལ་པ་རྣམས་ལམ་དུ་ཆས་ཏེ་ཉིན་གསུམ་པར་དེ་རྣམས་ཀྱི་གྲོང་ཁྱེར་ཏེ། གིབ་ཡོན་དང་ཀེ་ཕི་རཱ། པེ་ཨེ་རཱོད། ཀིར་ཡཱད་ཡེ་ཨ་རིམ་བཅས་སུ་སླེབས།
18 མི་ཚོགས་ཀྱི་འགོ་དཔོན་རྣམས་ཀྱིས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་ཁོ་ཚོར་མནའ་བསྐྱལ་བ་ཡིན་པས། ཡེས་ར་ཨེལ་པ་རྣམས་ཀྱིས་ཁོ་རྣམས་ལ་དམག་མ་བརྒྱབ་པ་དང་། མི་ཚོགས་ཀུན་གྱིས་འགོ་དཔོན་ལ་སྡུག་ཡུས་བཏོན་པ་རེད།
19 འགོ་དཔོན་རྣམས་ཀྱིས་མི་ཚོགས་ཡོངས་ལ། ངེད་ཅག་གིས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་ཁོ་ཚོར་མནའ་བསྐྱལ་ཟིན་པས་ད་ནི་ང་ཚོས་ཁོ་རྣམས་ལ་གནོད་འཚེ་གཏོང་མི་རུང་།
20 ངེད་རྣམས་ཀྱིས་བསྐྱལ་བའི་མནའ་དེའི་རྐྱེན་གྱིས་ཁོང་ཁྲོ་ང་ཚོའི་སྟེང་དུ་མི་འབབ་པའི་ཕྱིར། ངེད་རྣམས་ཀྱིས་ཁོ་ཚོར་འདི་ལྟར་བྱ་འོས་ཏེ། ཁོ་རྣམས་འཚོ་རུ་འཇུག་དགོས་ཞེས་སྨྲས།
21 འགོ་དཔོན་རྣམས་ཀྱིས་ཡང་མི་ཚོགས་ལ་ཁོ་རྣམས་འཚོ་རུ་འཇུག་དགོས་ཞེས་སྨྲས། དེ་ནས་འགོ་དཔོན་རྣམས་ཀྱིས་ཁོ་ཚོར་སྨྲས་པ་བཞིན། ཁོ་རྣམས་མི་ཚོགས་ཡོངས་ལ་འབུད་ཤིང་གཏུབ་མཁན་དང་ཆུ་ལེན་མཁན་དུ་གྱུར་ཏོ། །
22 ཡོ་ཤུ་ཨ་ཡིས་ཁོ་རྣམས་བོས་ཡོང་སྟེ་ན་རེ། ངེད་རྣམས་ནི་ཁྱོད་ཅག་དང་རྒྱང་ཐག་ཧ་ཅང་རིང་ཞེས་མགོ་སྐོར་བཏང་བ་ཅི་ཡིན་ནམ། དོན་དམ་དུ་ཁྱོད་རྣམས་ནི་ང་ཚོའི་ཉེ་སར་གནས་སོ། །
23 ད་ལྟ་ཁྱོད་རྣམས་ལ་དམོད་མོ་ཐེབས་པ་ཡིན། ཁྱོད་རྣམས་ཀྱི་ཁྲོད་དུ་གཡོག་པོ་བྱེད་མཁན་རྒྱུན་མི་ཆད་ཅིང་། ངའི་དཀོན་མཆོག་གི་བཞུགས་གནས་ཀྱི་ཕྱིར་འབུད་ཤིང་གཏུབ་མཁན་དང་ཆུ་ལེན་མཁན་བྱེད་དགོས་ཞེས་སྨྲས།
24 ཁོ་རྣམས་ཀྱིས་ཡོ་ཤུ་ཨ་ལ། ཁྱེད་ཀྱི་དཀོན་མཆོག་ཡ་ཝཱེས་དངོས་གནས་ཁོང་གི་ཞབས་ཕྱི་མོ་ཤེ་ལ་འདི་སྐད་དུ། ཡུལ་འདི་ཐམས་ཅད་ཁྱོད་རྣམས་ལ་གནང་བར་མ་ཟད། ཁྱོད་རྣམས་ཀྱི་མདུན་དུ་ཡུལ་འདིའི་མི་ཐམས་ཅད་རྩ་མེད་དུ་གཏོང་བར་འགྱུར་ཞེས་བཀའ་བསྩལ་པ་མི་ཞིག་གིས་ཁྱེད་ཀྱི་གཡོག་པོ་ལ་བཤད་བྱུང་བས། ངེད་ཅག་ཁྱེད་རྣམས་ཀྱི་རྐྱེན་གྱིས་སྲོག་འཆོར་བར་ཤིན་ཏུ་འཇིགས་ནས་དོན་འདི་བྱས་པ་ཡིན།
25 ད་ལྟ་ངེད་ཅག་ནི་ཁྱེད་ཀྱི་ཕྱག་ཏུ་ཡོད་པ་དང་། ཁྱེད་ཀྱིས་ང་ཚོ་ལ་ཅི་ལྟར་བྱས་ན་ལེགས་ཤིང་འགྲིག་པར་དགོངས་ན་དེ་ལྟར་གྱིས་ཤིག་ཅེས་ཞུས།
26 དེ་ནས་ཡོ་ཤུ་ཨ་ཡིས་ཁོ་རྣམས་ལ་འདི་ལྟར་བྱས་པ་སྟེ། ཁོ་རྣམས་ཡེས་ར་ཨེལ་པ་རྣམས་ཀྱི་ལག་ནས་ཐར་བར་བྱས་ཤིང་ཡེས་ར་ཨེལ་པས་ཁོ་རྣམས་མ་བསད་དོ། །
27 ཉིན་དེར་ཡོ་ཤུ་ཨ་ཡིས་ཁོ་རྣམས་ནི་དཀོན་མཆོག་ཡ་ཝཱེས་འདེམས་རྒྱུ་ཡིན་པའི་ཡུལ་དེར། ད་ལྟའི་བར་དུ་མི་ཚོགས་དང་དཀོན་མཆོག་ཡ་ཝཱེའི་མཆོད་ཁྲིའི་ཕྱིར་འབུད་ཤིང་གཏུབ་མཁན་དང་ཆུ་ལེན་མཁན་བྱེད་དུ་བཅུག་གོ །