ལེའུ་ཉེར་གཅིག་པ།
ནཱ་རྦོད་ཀྱི་རྒུན་འབྲུམ་ར་བ།
1 ཡེ་སི་རེ་ཨེལ་པ་ནཱ་རྦོད་བྱ་བ་ལ་ཡེ་སི་རེ་ཨེལ་གྱི་སཱ་མར་ཡའི་རྒྱལ་པོ་ཨ་ཧབ་ཀྱི་ཕོ་བྲང་གི་ཉེ་འགྲམ་དུ་རྒུན་འབྲུམ་ར་བ་ཞིག་ཡོད་པ་ཡིན།
2 ཨ་ཧབ་ཀྱིས་ནཱ་རྦོད་ལ། ཁྱོད་ཀྱི་རྒུན་འབྲུམ་ར་བ་འདི་ངའི་ཕོ་བྲང་གི་ཉེ་འགྲམ་དུ་ཡོད་པས། སྔོ་ཚོད་ར་བ་བྱེད་པར་ང་ལ་བྱིན་ཅིག་དང་། ངས་དེ་ལས་བཟང་བའི་རྒུན་འབྲུམ་ར་བ་ཞིག་ཚབ་ཏུ་སྟེར་བར་བྱ། གལ་ཏེ་ཁྱོད་དགའ་ན་ངས་དེའི་རིན་དུ་དངུལ་སྤྲད་ཀྱང་ཆོག་ཅེས་སྨྲས་ནའང་།
3 ནཱ་རྦོད་ཀྱིས་ཨ་ཧབ་ལ། རང་གི་ཕ་མེས་ཀྱི་ནོར་སྐལ་ཁྱེད་ལ་འབུལ་བ་ནི་དཀོན་མཆོག་ཡ་ཝཱེས་རྩ་བ་ནས་འགོག་པ་ཡིན་ཞེས་ལན་དུ་སྨྲས་སོ། །
4 དེར་ཡེ་སི་རེ་ཨེལ་པ་ནཱ་རྦོད་ཀྱིས་ངས་རང་གི་ཕ་མེས་ཀྱི་ནོར་སྐལ་དེ་ཁྱེད་ལ་སྟེར་བར་མི་བྱའོ་ཞེས་སྨྲས་པའི་རྐྱེན་གྱིས། ཨ་ཧབ་ཁྲོས་ཤིང་སེམས་མ་སྐྱིད་པར་ཕྱིར་ཕོ་བྲང་དུ་ལོག་ནས། མལ་ཁྲིར་ལོག་ནས་ངོ་གནག་སྟེ་ཡི་གའང་ཆད་དོ། །
5 དེ་ནས་ཁོའི་བཙུན་མོ་ཡེ་ཟི་བེལ་ཁོའི་མདུན་དུ་འོངས་ནས་ཁྱེད་སེམས་ཕམ་ནས་ཐ་ན་ཟས་ཀྱང་མི་བཟའ་བ་འདི་ཅི་ཡིན་ཞེས་དྲིས་པ་ན།
6 ཁོས་ལན་དུ། ངས་ཡེ་སི་རེ་ཨེལ་པ་ནཱ་རྦོད་ལ། ཁྱོད་ཀྱི་རྒུན་འབྲུམ་ར་བ་དེ་ང་ལ་ཚོངས་དང་ངས་དངུལ་སྟེར་བར་བྱ། གལ་ཏེ་ཁྱོད་དགའ་ན་ངས་དེའི་ཚབ་ཏུ་རྒུན་འབྲུམ་ར་བ་གཞན་ཞིག་སྟེར་བར་བྱ་ཞེས་སྨྲས་མོད། འོན་ཀྱང་ཁོས་ལན་དུ། ངས་རང་གི་རྒུན་འབྲུམ་ར་བ་དེ་ཁྱོད་ལ་སྟེར་མི་རུང་ཟེར་ཞེས་སྨྲས་པ་ན།
7 ཁོའི་བཙུན་མོ་ཡེ་ཟི་བེལ་གྱིས། ད་ལྟ་ཁྱེད་ནི་ཡེས་ར་ཨེལ་གྱི་རྒྱལ་སྲིད་སྐྱོང་བའི་རྒྱལ་པོ་མ་ཡིན་ནམ། ཡར་ལོངས་ལ་ཁ་ཟས་བཞེས་ཤིག སེམས་དགའ་བར་གྱིས། ཡེ་སི་རེ་ཨེལ་པ་ནཱ་རྦོད་ཀྱི་རྒུན་འབྲུམ་ར་བ་དེ་ངས་ཁྱེད་ལ་སྦྱིན་པར་བྱའོ་ཞེས་སྨྲས་སོ། །
8 དེ་ནས་ཡེ་ཟི་བེལ་གྱིས་ཨ་ཧབ་ཀྱི་མིང་བཀོད་ནས་བཀའ་ཤོག་བྲིས་ཤིང་དེ་ལ་རྒྱལ་པོའི་ཐམ་ཀ་བརྒྱབ་སྟེ། བཀའ་ཤོག་དེ་རྣམས་ནཱ་རྦོད་གྲོང་ཁྱེར་དུ་སྡོད་པའི་རྒན་པོ་དང་སྐུ་དྲག་རྣམས་ལ་བསྐུར་ཏོ། །
9 ཡི་གེ་ནང་དུ་འདི་ལྟར། ཁྱོད་རྣམས་ཀྱིས་སྨྱུང་གནས་བསྲུང་དགོས་པར་སྒྲོགས་ལ། ནཱ་རྦོད་ནི་མི་རྣམས་ཀྱི་ཁྲོད་དུ་གྲལ་མགོ་རུ་ཞོག་ཅིག
10 མི་ངན་གཉིས་ཁོའི་ཁ་གཏད་ནས་སྡོད་དུ་ཆུག་ལ། ཡང་དེ་གཉིས་ལ་འདི་ལྟར། ཁྱོད་ཀྱིས་དཀོན་མཆོག་དང་རྒྱལ་པོ་གཉིས་ལ་སྐུར་བ་བཏབ་པ་ཡིན་ཞེས་བདེན་དཔང་བྱས་ནས་ཁོ་གཏུག་ཏུ་ཆུག དེ་ནས་ཁྱོད་ཚོས་ཁོ་ཕྱི་རུ་དྲུད་ལ་རྡོ་རུབ་བཏང་ནས་སོད་ཅིག་ཅེས་བྲིས་ཡོད་པའོ། །
11 དེར་ནཱ་རྦོད་གྲོང་ཁྱེར་གྱི་མི་རྣམས་ཏེ། ནཱ་རྦོད་དང་མཉམ་དུ་གྲོང་ཁྱེར་གཅིག་ལ་གནས་པའི་རྒན་པོ་དང་སྐུ་དྲག་རྣམས་ཀྱིས་ཡེ་ཟི་བེལ་གྱིས་བསྐུར་བའི་བཀའ་ཤོག་ཏུ་བྲིས་པ་བཞིན་བྱས་ཏེ།
12 མི་རྣམས་ལ་སྨྱུང་གནས་བསྲུང་དགོས་པར་བསྒྲགས་ཤིང་ནཱ་རྦོད་ནི་མི་རྣམས་ཀྱི་ཁྲོད་དུ་གྲལ་མགོར་སྡོད་དུ་བཅུག་གོ །
13 དེ་ནས་མི་ངན་དེ་གཉིས་འོངས་ནས་ཁོའི་ཁ་གཏད་དུ་བསྡད་པ་དང་། མི་ཚོགས་ཀྱི་མདུན་དུ་བདེན་དཔང་བྱས་ཏེ་ནཱ་རྦོད་གཏུག་ནས་ན་རེ། ནཱ་རྦོད་ཀྱིས་དཀོན་མཆོག་དང་རྒྱལ་པོ་གཉིས་ལ་སྐུར་བ་བཏབ་བོ་ཞེས་སྨྲས་པས། མི་ཚོགས་ཀྱིས་ནཱ་རྦོད་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་དྲུད་དེ་ཁོ་ལ་རྡོ་རུབ་བཏང་ནས་བསད་དོ། །
14 དེ་ནས་ཁོ་ཚོས་མི་མངགས་ནས་ཡེ་ཟི་བེལ་ལ། ནཱ་རྦོད་ལ་རྡོ་རུབ་བཏང་ནས་བསད་པ་ཡིན་ཞེས་འཕྲིན་བསྐུར་ཏོ། །
15 ཡེ་ཟི་བེལ་གྱིས་ནཱ་རྦོད་རྡོ་རུབ་བཏང་ནས་བསད་པ་ཐོས་པ་ཙམ་གྱིས་ཨ་ཧབ་ལ། ད་ནི་ནཱ་རྦོད་ཤི་ཟིན་ཏེ་གསོན་པོར་མེད་པས། ཡར་ལངས་ནས་སོང་ལ་ཡེ་སི་རེ་ཨེལ་པ་ནཱ་རྦོད་ཀྱིས་དངུལ་བླངས་ནས་ཁྱེད་ལ་མ་བཙོང་པའི་རྒུན་འབྲུམ་ར་བ་དེ་བདག་གིར་ཟུངས་ཤིག་ཅེས་སྨྲས་པ་དང་།
16 ཨ་ཧབ་ཀྱིས་ནཱ་རྦོད་ཤི་བའི་གཏམ་ཐོས་པ་ཙམ་གྱིས། ཡར་ལངས་ནས་ཡེ་སི་རེ་ཨེལ་པ་ནཱ་རྦོད་ཀྱི་རྒུན་འབྲུམ་ར་བ་བདག་གིར་བཟུང་དུ་སོང་ངོ་། །
17 དེའི་དུས་སུ་ཐི་ཞི་པ་ཨེ་ལི་ཡཱ་ལ་དཀོན་མཆོག་ཡ་ཝཱེའི་བཀའ་བྱུང་སྟེ་འདི་སྐད་དུ།
18 ཁྱོད་ཡར་ལོངས་ལ་སཱ་མར་ཡ་རུ་ཡོད་པའི་ཡེས་ར་ཨེལ་གྱི་རྒྱལ་པོ་ཨ་ཧབ་དང་འཕྲད་དུ་སོང་ཞིག ཉོན་དང་། ཁོ་ནི་ནཱ་རྦོད་ཀྱི་རྒུན་འབྲུམ་ར་བ་བདག་གིར་བཟུང་ཆེད་དེར་ཡོད་པ་ཡིན།
19 ཁྱོད་ཀྱིས་ཁོ་ལ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་མི་བསད་ནས་དེའི་ནོར་སྐལ་ཡང་བདག་གིར་འཛིན་པ་ཡིན་ནམ་ཞེས་གསུངས་ཞེས་སྨྲོས་ཤིག ཡང་ཁོ་ལ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱི་རྣམས་ཀྱིས་ནཱ་རྦོད་ཀྱི་ཁྲག་བལྡགས་པའི་གནས་སུ། དེ་དག་གིས་ཁྱོད་ཀྱི་ཁྲག་ཀྱང་བལྡག་པར་འགྱུར་རོ་གསུངས་ཞེས་སྨྲོས་ཤིག་ཅེས་གསུངས་སོ། །
20 དེ་ནས་ཨ་ཧབ་ཀྱིས་ཨེ་ལི་ཡཱ་ལ། ཀྱེ་ངའི་དགྲ་བོ། ཁྱོད་ཀྱིས་ང་རྙེད་པ་ཡིན་ནམ་ཞེས་དྲིས་པར་ཁོང་གིས་ལན་དུ། ངས་ཁྱོད་རྙེད་པ་ཡིན། ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་རང་ཉིད་བཙོངས་ནས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་པས་སོ། །
21 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། བདག་གིས་ཁྱོད་ཀྱི་སྟེང་དུ་ཆག་སྒོ་འབེབ་པར་བྱའོ། །ཡེས་ར་ཨེལ་དུ་ཨ་ཧབ་ཀྱི་ཁྱིམ་རྒྱུད་ལས་སྐྱེས་པ་ཐམས་ཅད་དེ། རང་དབང་ཅན་ནམ་ཡང་ན་རང་དབང་མེད་པ་གང་ཡིན་ཡང་ཁྱོད་ཀྱི་བུ་རབས་ཚ་རྒྱུད་རྣམས་ཚར་གཅོད་བྱ་ཞིང་།
22 ཁྱོད་ཀྱི་ཁྱིམ་རྒྱུད་ནི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་ཁྱིམ་རྒྱུད་དང་། ཨ་ཧི་ཡཱ་ཡི་བུ་པཱ་ཤའི་ཁྱིམ་རྒྱུད་རྣམས་དང་འདྲ་བར་བྱའོ། །གང་ལ་ཞེ་ན། ཁྱོད་ཀྱིས་བདག་གི་སེམས་དཀྲུགས་ཤིང་། ཡེས་ར་ཨེལ་པ་རྣམས་སྡིག་པའི་ནང་ལྷུང་དུ་བཅུག་པའི་ཕྱིར་རོ་ཞེས་གསུངས་པ་དང་།
23 ཡང་ཡེ་ཟི་བེལ་གྱི་སྐོར་ལ་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཡེ་སི་རེ་ཨེལ་གྱི་ལྕགས་རིའི་འགྲམ་དུ་ཡེ་ཟི་བེལ་ཁྱི་ཡིས་བཟའ་བར་འགྱུར་ཞིང་།
24 ཨ་ཧབ་ཀྱི་མི་རྣམས་ལས་གྲོང་ཁྱེར་དུ་ཤི་བ་རྣམས་ཁྱིས་འཆའ་ཞིང་། དབེན་སྟོང་དུ་ཤི་བ་རྣམས་ནམ་མཁའི་བྱ་རྣམས་ཀྱིས་བཟའ་བར་འགྱུར་རོ་གསུངས་ཞེས་སྨྲས་སོ། །
25 ཨ་ཧབ་ལྟ་བུའི་མི་ཞིག་སྔར་བྱུང་མ་མྱོང་བ་སྟེ། ཁོ་ནི་རང་གི་ཆུང་མ་ཡེ་ཟི་བེལ་གྱིས་བསླུས་ནས། རང་ཉིད་བཙོངས་ཏེ་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་ཅིང་།
26 དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ཀྱི་མདུན་ནས་བསྐྲད་པའི་ཨེ་མོར་པ་དང་འདྲ་བར། སྐུ་འདྲ་རྣམས་ཀྱི་རྗེས་སུ་འབྲངས་ཏེ་གཞི་ནས་སྐྱུག་བྲོ་བའི་སྤྱོད་པ་སྤྱད་དོ། །
27 ཨ་ཧབ་ཀྱིས་བཀའ་དེ་རྣམས་ཐོས་པ་དང་། ཁོས་རང་གི་གྱོན་གོས་གཤགས་ནས་ལུས་ལ་རྩིད་རས་གྱོན་ཏེ་སྨྱུང་གནས་བསྲུངས་པ་དང་། ཐ་ན་རྩིད་རས་སྟེང་དུ་ཉལ་ནས་ཡིད་མུག་བཞིན་འགྲུལ་ཏོ། །
28 དེ་ནས་ཐི་ཞི་པ་ཨེ་ལི་ཡཱ་ལ་དཀོན་མཆོག་ཡ་ཝཱེའི་བཀའ་བྱུང་སྟེ་འདི་སྐད་དུ།
29 ཨ་ཧབ་ཀྱིས་ངའི་མདུན་དུ་ཇི་ལྟ་བུའི་སྙེམས་ཆུང་བྱེད་པ་ཁྱོད་ཀྱིས་མཐོང་ངམ། ཁོས་ངའི་མདུན་དུ་སྙེམས་ཆུང་བྱེད་པས་ན། ངས་ཁོའི་རིང་ལ་ཆག་སྒོ་འདི་འབེབ་པར་མི་བྱ། འོན་ཀྱང་ཁོའི་བུ་ཡི་རིང་ལ་ཁོའི་ཁྱིམ་དུ་ཆག་སྒོ་དེ་འབེབ་པར་བྱའོ་ཞེས་གསུངས་སོ། །