ལེའུ་བཅུ་གཅིག་པ།
ཨ་ཐལ་ཡཱ་བྱ་བ་ཡ་ཧུ་དཱའི་རྒྱལ་མོར་གྱུར་པ།
དེ་ནས་ཨ་ཧ་ཟི་ཡཱ་ཡི་མ་ཨ་ཐལ་ཡཱས་རང་གི་བུ་ཤི་ཟིན་པ་མཐོང་མ་ཐག་ཏུ། ལངས་ནས་རྒྱལ་རྒྱུད་ཐམས་ཅད་བསད་ཀྱང་། རྒྱལ་པོ་ཡེ་ཧོ་རཱམ་གྱི་སྲས་མོ་ཨ་ཧ་ཟི་ཡཱའི་སྲིང་མོ་ཡེ་ཧོ་ཤེ་བ་ཡིས། ཨ་ཧ་ཟི་ཡཱའི་བུ་ཡོ་ཨ་སི་ནི་གསོད་པར་འགྱུར་བའི་རྒྱལ་སྲས་རྣམས་ལས་བརྐུས་ཏེ། ཁོ་དང་ཁོའི་མ་མ་གཉིས་གཟིམ་ཁང་ནང་དུ་བཞག་པ་དང་། དེ་དག་གིས་ཁོ་ཨ་ཐལ་ཡཱ་ལས་སྦས་པའི་རྐྱེན་གྱིས་མ་ཤི་བ་རེད། དེ་ལྟར་ཨ་ཐལ་ཡཱ་ཡིས་ཡུལ་ཁམས་དེ་རུ་རྒྱལ་སྲིད་བསྐྱངས་པ་དང་། ཡོ་ཨ་སི་དང་ཁོའི་མ་མ་གཉིས་ལོ་དྲུག་གི་རིང་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་སྦས་ནས་བསྡད་དོ། །
ཡོ་ཨ་སི་བྱ་བ་ཡ་ཧུ་དཱའི་རྒྱལ་པོར་བསྐོས་པ།
དེ་ཡང་ལོ་བདུན་པར་ཡེ་ཧོ་ཡ་དཱ་ཡིས་ཀཱ་རེ་པ་རྣམས་དང་། སྲུང་དམག་རྣམས་ཀྱི་བརྒྱ་དཔོན་རྣམས་འབོད་པར་མི་མངགས་པ་དང། དེ་རྣམས་ཁོའི་དྲུང་དུ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་ཁྲིད་ཅིང་། དེ་དག་བར་དམ་བཅའ་བཞག་ནས་དེ་དག་གིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་མནའ་བསྐྱལ་བ་ན། ཁོས་དེ་དག་ལ་རྒྱལ་སྲས་དེ་བསྟན་ཏོ། ། ཡང་ཁོས་དེ་རྣམས་ལ་བཀའ་བསྒོས་ཏེ། ཁྱོད་ཅག་གིས་བྱེད་དགོས་པ་ནི་འདི་ལྟ་སྟེ། ཁྱོད་ཅག་ལས་ངལ་གསོ་བའི་ཉིན་མོར་ལས་རེས་ཡིན་པ་རྣམས་ལས་སུམ་ཆའི་གཅིག་གིས་རྒྱལ་པོའི་ཕོ་བྲང་བསྲུང་དགོས། ཡང་སུམ་ཆའི་གཅིག་ནི་སུར་བྱ་བའི་རྒྱ་སྒོར་སྡོད་དགོས་ལ། སུམ་ཆའི་གཅིག་གིས་སྲུང་དམག་རྣམས་ཀྱི་ལྟག་སྒོ་རུ་བསྡད་ནས་ཕོ་བྲང་སྲུང་རེས་བྱེད་དགོས། ངལ་གསོ་བའི་ཉིན་མོར་ལས་རེས་ལ་མ་བབས་པའི་ཁག་གཉིས་ཀྱིས་རྒྱལ་པོའི་ཕྱིར་དུ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་བསྲུང་བར་གྱིས་ཤིག ཁྱོད་ཅག་གིས་རང་རང་གི་མཚོན་ཆ་ལག་ཏུ་བཟུང་སྟེ་རྒྱལ་པོ་བསྐོར་ནས་སྡོད་དགོས། གཞན་སུ་ཞིག་རང་དགར་དམག་གྲལ་དུ་འཛུལ་འོངས་ན་དེ་གསོད་དགོས་ལ། རྒྱལ་པོ་ཕྱི་ནང་གང་དུ་འགྲོ་དུས་ཀྱང་ཁྱོད་རྣམས་རྒྱལ་པོ་དང་མཉམ་དུ་སྡོད་དགོས་ཞེས་བསྒོས་པའོ། །
དེ་ནས་བརྒྱ་དཔོན་རྣམས་ཀྱིས་མཆོད་དཔོན་ཡེ་ཧོ་ཡ་དཱ་ཡི་བཀའ་བཀོད་བཞིན་དུ་བྱས། དེ་དག་གིས་རང་རང་གི་མི་སྟེ། ངལ་གསོ་བའི་ཉིན་མོའི་ལས་རེས་ཡིན་མིན་ཐམས་ཅད་ཁྲིད་ནས་མཆོད་དཔོན་ཡེ་ཧོ་ཡ་དཱ་ཡི་དྲུང་དུ་འོངས་པ་དང་། 10 ཡེ་ཧོ་ཡ་དཱ་ཡིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་ཡོད་པའི་རྒྱལ་པོ་དཱ་བིད་ཀྱི་མདུང་དང་ཕུབ་རྣམས་བརྒྱ་དཔོན་རྣམས་ལ་སྤྲད་ཅིང་། 11 སྲུང་དམག་རྣམས་ཀྱིས་རང་རང་གི་མཚོན་ཆ་ལག་ཏུ་བཟུང་སྟེ། མཆོད་ཁང་གི་གཡས་ཕྱོགས་ནས་གཡོན་ཕྱོགས་བར་དུ། མཆོད་ཁྲི་དང་མཆོད་ཁང་གི་ཉེ་འཁྲིས་སུ་རྒྱལ་པོ་བསྐོར་ནས་བསྡད་དོ། ། 12 དེ་ནས་ཡེ་ཧོ་ཡ་དཱ་ཡིས་རྒྱལ་སྲས་ཕྱི་རོལ་ཏུ་ཁྲིད་འོངས་ཏེ་ཁོའི་དབུ་ལ་ཅོད་པན་སྤྲས་ནས་དཔང་ཡིག་ཕུལ་བ་དང་། དེ་དག་གིས་རྒྱལ་པོར་མངའ་གསོལ་ཞིང་སྣུམ་གྱིས་བྱུགས་པ་ན། མི་རྣམས་ཀྱིས་ཐལ་མོ་བརྡབས་ཏེ་རྒྱལ་པོ་ཁྲི་ལོར་བརྟན་པར་ཤོག་ཅེས་བསྒྲགས་སོ། །
13 དེ་ནས་ཨ་ཐལ་ཡཱ་ཡིས་སྲུང་དམག་རྣམས་དང་མི་ཚོགས་ཀྱི་ཀི་སྒྲ་ཐོས་པས། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་མི་རྣམས་ཀྱི་རྩར་སོང་སྟེ། 14 ཁོ་མོས་བལྟས་པའི་ཚེ། རྒྱལ་པོ་ནི་ཁྲིམས་བཞིན་དུ་ཀ་བའི་མདུན་དུ་ལངས་སྡོད་པ་དང་། བརྒྱ་དཔོན་རྣམས་དང་། དུང་འབུད་མཁན་རྣམས་རྒྱལ་པོའི་དྲུང་དུ་འགྲེང་ཞིང་། ཡུལ་ཁམས་ཀྱི་མི་ཐམས་ཅད་ཀྱིས་དགའ་ཞིང་དུང་འབུད་པ་མཐོང་བས། ཨ་ཐལ་ཡཱ་ཡིས་རང་གི་གོས་གཤགས་ཏེ་སྐད་ཆེན་པོས། འདིར་གཡོ་སྒྱུ་འདུག འདིར་གཡོ་སྒྱུ་འདུག་ཅེས་བསྒྲགས་པ་ན། 15 མཆོད་དཔོན་ཡེ་ཧོ་ཡ་དཱ་ཡིས་དམག་ཚོགས་ཀྱི་བཀོད་འདོམས་པ་བརྒྱ་དཔོན་རྣམས་ལ་བཀའ་བཏང་ཞིང་། ཁོ་མོ་དམག་ཚོགས་ཀྱི་བར་ནས་ཕྱི་རོལ་ཏུ་ཁྲིད་ཅིག དེའི་རྗེས་སུ་འབྲང་མཁན་རྣམས་ཀྱང་རལ་གྲིས་སོད་ཅིག་ཅེས་བསྒོས་སོ། །ཅི་ལ་ཞེ་ན། མཆོད་དཔོན་གྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་ཁོ་མོ་གསོད་མི་རུང་ཞེས་བཀའ་བསྩལ་ཏོ། ། 16 དེ་བས་ཁོ་ཚོས་ཁོ་མོ་བཟུང་ནས་ཁྱེར་ཅིང་། རྒྱལ་པོའི་ཕོ་བྲང་གི་རྟ་འདེད་སའི་འགྲོ་ལམ་བརྒྱུད་ནས་འགྲོ་དུས་དེར་ཁོ་མོ་སྲོག་དང་ཕྲལ་ཏོ། །
17 དེ་ནས་ཡེ་ཧོ་ཡ་དཱ་ཡིས་མི་རྣམས་ནི་དཀོན་མཆོག་ཡ་ཝཱེའི་འབངས་མིར་འགྱུར་ཕྱིར། དཀོན་མཆོག་ཡ་ཝཱེ་དང་རྒྱལ་པོ་དང་མི་སྡེ་གསུམ་གྱི་བར་ཁ་ཆད་བཞག་པ་དང་། མི་རྣམས་དང་རྒྱལ་པོའི་བར་དུ་ཡང་ཁ་ཆད་བཞག 18 དེ་ནས་ཡུལ་ཁམས་ཀྱི་མི་ཐམས་ཅད་པཱ་ཨལ་གྱི་ལྷ་ཁང་དུ་སོང་ནས་དེ་བརླགས་ཤིང་། དེའི་མཆོད་ཁྲི་དང་སྐུ་འདྲ་རྣམས་ཡོངས་སུ་བཅག པཱ་ཨལ་གྱི་མཆོད་དཔོན་མད་ཐན་ནི་མཆོད་ཁྲི་རྣམས་ཀྱི་མདུན་དུ་བསད། ཡང་མཆོད་དཔོན་ཡེ་ཧོ་ཡ་དཱ་ཡིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་སྲུང་མཁན་འགོ་དཔོན་ཡང་བསྐོས་པ་དང་། 19 བརྒྱ་དཔོན་རྣམས་དང་ཀཱ་རེ་པ་རྣམས། སྲུང་དམག་རྣམས་དང་ཡུལ་ཁམས་ཀྱི་མི་ཐམས་ཅད་ཁྲིད་ཅིང་། དེ་དག་གིས་རྒྱལ་པོ་ནི་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནས་མར་ཁྲིད་པ་དང་། སྲུང་དམག་གི་སྒོ་བརྒྱུད་ནས་རྒྱལ་པོའི་ཕོ་བྲང་དུ་གདན་དྲངས་ཤིང་། དེ་ལྟར་ཡོ་ཨ་སི་ནི་རྒྱལ་པོ་རྣམས་ཀྱི་ཁྲི་ལ་བསྡད། 20 ཡུལ་ཁམས་ཀྱི་མི་རྣམས་དགའ་མགུར་ལོངས་སྤྱད་ཅིང་། ཨ་ཐལ་ཡཱ་རྒྱལ་པོའི་ཕོ་བྲང་ནས་རལ་གྲིས་བཀུམས་རྗེས་གྲོང་ཁྱེར་དེ་ལྷིངས་འཇགས་སུ་གྱུར་ཏོ། །
ཡོ་ཨ་སི་བྱ་བ་ཡ་ཧུ་དཱའི་རྒྱལ་པོར་གྱུར་པ།
21 ཡོ་ཨ་སི་*ཡིས་རྒྱལ་སྲིད་སྐྱོང་དུས་ཁོ་ལོ་བདུན་ཡིན་ནོ། །
* ལེའུ་བཅུ་གཅིག་པ།:21 ཡེས་ར་ཨེལ་གྱི་སྐད་ཡིག་ཏུ་ཡོ་ཨ་སི་ཞེས་བྲིས་ཡོད། ལེའུ་བཅུ་གཅིག་པ་ནས་ལེའུ་བཅུ་བཞི་པའི་བར་དུ་རྒྱལ་པོ་གཉིས་བྱུང་ཡོད་དེ། ཡ་ཧུ་དཱའི་རྒྱལ་པོ་དང་ཡེས་ར་ཨེལ་གྱི་རྒྱལ་པོ་དེ་གཉིས་ཀྱི་མིང་ལ་སོ་སོར་ཡོ་ཨ་སི་དང་ཡེ་ཧོ་ཨ་སི་ཞེས་འབོད།