༄༅། །ལེ་ཝིའི་ཚུལ་ཁྲིམས་ཀྱི་མདོ།
ལེ་ཝིའི་ཚུལ་ཁྲིམས་ཀྱི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ལེ་ཝིའི་ཚུལ་ཁྲིམས་ཀྱི་གཞུང་འདིའི་ཁ་བྱང་ནི་གྷི་རིག་གི་སྐད་དུ་བསྒྱུར་བའི་ཞལ་ཆད་རྙིང་པ་སྟེ་སིབ་ཐུ་ཨ་ཀྱན་ཏི་༼Septuagint༽ཞེས་པ་ལས་བྱུང་བ་ཡིན། དེ་ནི་ལེ་ཝི་པ་དང་འབྲེལ་བ་ཞེས་པའི་དོན་ལ་འཇུག ལེ་ཝིའི་ཚུལ་ཁྲིམས་ཀྱི་གཞུང་འདིར་ལེ་ཝི་པ་འབའ་ཞིག་གི་ལས་འགན་ཁོ་ན་བཀོད་ཡོད་པ་ཞིག་མིན་ཡང་། གུར་མཆོག་ལ་བསྙེན་བཀུར་ཞུ་བ་དང་ཞབས་ཕྱི་སྒྲུབ་པ་གཞིར་བཞག་ནས་མིང་དེ་ལྟར་བཏགས་པ་རེད། ཨེ་ཅིབ་ནས་ཐོན་པའི་མདོ་ལས་གུར་མཆོག་ཅི་ལྟར་བཞེངས་པའི་སྐོར་བསྟན་ཡོད་པ་དང་། ལེ་ཝིའི་ཚུལ་ཁྲིམས་ལས་གུར་མཆོག་ལ་བསྙེན་བཀུར་ཞུ་བའི་བཀའ་ཁྲིམས་དང་ལུགས་སྲོལ། ཡང་དག་པའི་མཛད་སྒོ་དང་ཀུན་སྤྱོད་ཕྱོགས་ཀྱི་བཀའ་ཁྲིམས། ཉིན་དམ་པ། ངལ་གསོ་ཡོངས་སུ་རྫོགས་པའི་ལོ་དང་དགའ་སྟོན་གྱི་ལོ་བཅས་ལ་ལམ་སྟོན་གནང་ཡོད་པ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
ལེ་ཝིའི་ཚུལ་ཁྲིམས་ཀྱི་ལེའུ་དང་པོའི་ཚིག་རྐང་དང་པོ་ནས་བཟུང་ལེ་ཝིའི་ཚུལ་ཁྲིམས་ཀྱི་གཞུང་འདི་ནི་དཀོན་མཆོག་གིས་མོ་ཤེ་ལ་ཐད་ཀར་གནང་བའི་བཀའ་ཡིན་ཞེས་གསུངས་ཡོད། གཞུང་འདི་ལས་དཀོན་མཆོག་ཡ་ཝཱེས་༼དཀོན་མཆོག་ཡ་ཝཱེ་ཞེས་པ་དཀོན་མཆོག་གི་མཚན་ཡིན།༽མོ་ཤེ་ལ་བཀའ་གནང་བའི་སྐོར་ཐེངས་ལྔ་བཅུ་ལྷག་ལ་བརྗོད་ཡོད། མོ་ཤེ་ཡིས་གཞུང་འདི་ཡི་གེར་བཀོད་པའི་ལོ་ཚིགས་ནི་སྤྱི་ལོ་སྔོན་གྱི་1446ནས་1406བར་ཡིན་པར་གསུངས།
བརྗོད་སྙིང་དང་གསུང་འཕྲིན།
ལེ་ཝིའི་ཚུལ་ཁྲིམས་ཀྱི་བརྗོད་བྱ་གཙོ་བོ་ནི་དམ་པ་ཡིན་ཏེ། དཀོན་མཆོག་གི་དམ་པ་དང་མིའི་རིགས་ཀྱི་དམ་པ་ཡིན། ལེའུ་བཅུ་གཅིག་པའི་ཚིག་རྐང་བཞི་བཅུ་ཞེ་ལྔ་ལས་དམ་པའི་སྐོར་གྱི་བཀའ་འདི་ལྟར་གསུངས་ཡོད་དེ། བདག་ནི་དམ་པ་ཡིན་པའི་ཕྱིར་ཁྱོད་ཀྱང་དམ་པ་ཡིན་དགོས་ཞེས་པའོ། །གཞུང་འདིའི་ནང་གི་བཀའ་དང་ཁྲིམས་རྣམས་ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ལ་བསྙེན་བཀུར་ཞུ་བ་དང་དཀོན་མཆོག་གི་འབངས་མི་དམ་པ་བཞིན་འཚོ་བ་རོལ་བའི་ཆེད་དུ་གནང་བ་ཡིན། གཞུང་འདིའི་ནང་གི་བཀའ་ཁྲིམས་ལ་ལ་མཆོད་པ་འབུལ་བའི་སྐོར་དང་། ལ་ལ་ཉིན་རྒྱུན་གཙང་མ་བྱེད་པའི་ལས་དོན་གྱི་སྐོར། ཡང་ལ་ལ་ཁྱད་པར་ཅན་གྱི་ཉིན་མོ་བརྩི་སྲུང་བྱེད་དགོས་པ་སོགས་ཀྱི་སྐོར་ཡིན། དེ་ལས་གཞན་དཀོན་མཆོག་གིས་ལེ་ཝི་པའི་མཆོད་དཔོན་རྣམས་ལ་མཆོད་པ་འབུལ་ཚུལ་དང་ཁོང་གི་བཀའ་ཅི་ལྟར་ལག་བསྟར་བྱེད་སྟངས་སྐོར་དམིགས་བསལ་གྱིས་གསུངས་ཡོད།
འཆར་ཟིན།
1. མཆོད་པ་འབུལ་བའི་བཀའ་དང་ཁྲིམས་ཀྱི་སྐོར། ༼ 1:1-7:38 ༽
2. ཨ་རོན་དང་ཁོང་གི་བུ་རྒྱུད་རྣམས་དཀོན་མཆོག་གི་མཆོད་དཔོན་ལ་བསྐོས་པའི་སྐོར། ༼ 8:1-10:20 ༽
3. ཅི་ལྟར་དམ་པར་སྤྱོད་པའི་སྒྲིག་ཁྲིམས་ཀྱི་སྐོར། ༼ 11:1-15:33 ༽
4. སྡིག་པ་བཤགས་པའི་ཉིན་མོ། ༼ 16:1-34 ༽
5. ཁ་ཡོད་ལག་ཡོད་ཀྱིས་དམ་པར་སྤྱོད་དགོས་པའི་སྐོར། ༼17:1-22:23 ༽
6. ངལ་གསོ་བའི་ཉིན་མོ་དང་གསོལ་སྟོན། དུས་ཚིགས་བཅས་དང་འབྲེལ་བའི་ཁྲིམས་ཁ་ཤས། ༼ 23:1-25:55 ༽
7. དཀོན་མཆོག་གི་བྱིན་རླབས་འཐོབ་པའི་ཆ་རྐྱེན་སྐོར། ༼ 26:1-27:34 ༽
ལེའུ་དང་པོ།
སྦྱིན་སྲེག་གི་ཁྲིམས།
1 དེ་ཡང་དཀོན་མཆོག་ཡ་ཝཱེས་མཇལ་འཕྲད་གུར་མཆོག་ནས་མོ་ཤེ་ཞལ་འབོད་གནང་སྟེ་འདི་སྐད་དུ།
2 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྒོས་ཤིག ཁྱོད་རྣམས་ལས་མི་སུ་ཞིག་གིས་དཀོན་མཆོག་ཡ་ཝཱེ་ལ་སྒོ་ཕྱུགས་ཀྱི་མཆོད་པ་འབུལ་བའི་ཚེ། ཁྱོད་ཀྱི་མཆོད་པ་དེ་བ་ཁྱུ་དང་ར་ལུག་གི་ཁྱུ་ནས་འབུལ་དགོས།
3 གལ་སྲིད་ཁོས་སྦྱིན་སྲེག་ཏུ་འབུལ་བའི་མཆོད་པ་ནི་བ་གླང་ཡིན་ན། གླང་ཐུག་སྐྱོན་གྱིས་མ་གོས་པ་ཞིག་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཁོང་གི་ཐུགས་ལ་འབབ་ཕྱིར་མཇལ་འཕྲད་གུར་མཆོག་གི་སྒོ་ཁར་འཁྲིད་དགོས།
4 རང་གི་སྡིག་པ་བཤག་པའི་ཕྱིར། ཁོས་སྦྱིན་སྲེག་ཏུ་འབུལ་བའི་ཕྱུགས་ཟོག་གི་མགོ་ལ་ལག་པ་འཇོག་དགོས། དེ་ལྟར་བྱས་ན་དཀོན་མཆོག་ཡ་ཝཱེའི་ཐུགས་དང་ལྡན་པར་འགྱུར་རོ། །
5 དེ་ནས་ཁོས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་གླང་ཁ་ཆུང་དེ་བཤའ་དགོས་ཤིང་། ཨ་རོན་གྱི་བུ་མཆོད་དཔོན་ཡིན་པ་རྣམས་ཀྱིས་ཁྲག་ཁྱེར་འོངས་ཏེ། མཇལ་འཕྲད་གུར་མཆོག་གི་སྒོ་ཁར་ཡོད་པའི་མཆོད་ཁྲིའི་ཕྱོགས་བཞི་རུ་གཏོར་བ་དང་།
6 ཁོས་སྦྱིན་སྲེག་ཏུ་འབུལ་བའི་ཕྱུགས་ཟོག་གི་པགས་པ་བཤུས་ནས་དེའི་ཤ་ལྷུ་ལྷུ་རུ་གཅོད་དགོས།
7 དེ་ནས་མཆོད་དཔོན་ཨ་རོན་གྱི་བུ་རྣམས་ཀྱིས་མཆོད་ཁྲིའི་སྟེང་མེ་སྦར་བ་དང་། མེའི་སྟེང་དུ་བུད་ཤིང་བསྒྲིག་དགོས་སོ། །
8 ཨ་རོན་གྱི་བུ་མཆོད་དཔོན་ཡིན་པ་རྣམས་ཀྱིས། ལྷུ་རྣམས་མགོ་དང་ཚིལ་བཅས་མཆོད་ཁྲིའི་སྟེང་མེ་འབར་བའི་བུད་ཤིང་གི་ཐོག་ཏུ་འཇོག་དགོས།
9 སྦྱིན་སྲེག་གི་ནང་ཁྲོལ་དང་རྐང་ལག་རྣམས་ཆུས་གཙང་མར་བཀྲུས་ནས། མཆོད་དཔོན་གྱིས་དེ་ཡོངས་སུ་མཆོད་ཁྲིའི་སྟེང་སྦྱིན་སྲེག་གཏོང་དགོས། དེ་ནི་སྦྱིན་སྲེག་དང་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་དྲི་ཞིམ་མེ་མཆོད་ཡིན་ནོ། །
10 གལ་སྲིད་ཁོས་སྦྱིན་སྲེག་ཏུ་འབུལ་བའི་མཆོད་པ་ནི་ར་ལུག་གི་ཁྱུ་གང་ནས་ཡིན་ན། ཕོ་ཕྱུགས་སྐྱོན་གྱི་དྲི་མས་མ་གོས་པ་ཞིག་འབུལ་དགོས།
11 ཁོས་མཆོད་ཁྲིའི་བྱང་ཕྱོགས་སུ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཕྱུགས་དེ་བཤས་ནས། ཨ་རོན་གྱི་བུ་མཆོད་དཔོན་ཡིན་པ་རྣམས་ཀྱིས་དེའི་ཁྲག་མཆོད་ཁྲིའི་ཕྱོགས་བཞི་རུ་གཏོར་དགོས།
12 ཁོས་སྦྱིན་སྲེག་དེའི་ཤ་ལྷུ་ལྷུ་རུ་བཅད་ནས། མཆོད་དཔོན་གྱིས་ལྷུ་རྣམས་མགོ་དང་ཚིལ་བཅས་མཆོད་ཁྲིའི་སྟེང་མེ་འབར་བའི་བུད་ཤིང་གི་ཐོག་ཏུ་འཇོག་དགོས།
13 ནང་ཁྲོལ་དང་རྐང་ལག་རྣམས་ཆུས་གཙང་མར་བཀྲུས་ནས། མཆོད་དཔོན་གྱིས་དེ་ཡོངས་སུ་ཕུལ་ཏེ་མཆོད་ཁྲིའི་སྟེང་སྦྱིན་སྲེག་གཏོང་དགོས། དེ་ནི་སྦྱིན་སྲེག་དང་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་དྲི་ཞིམ་མེ་མཆོད་ཡིན་ནོ། །
14 གལ་སྲིད་ཁོས་དཀོན་མཆོག་ཡ་ཝཱེ་ལ་འབུལ་བའི་སྦྱིན་སྲེག་གི་མཆོད་པ་ནི་འདབ་ཆགས་ཡིན་ན། བྱ་ཐི་བའམ་ཕུག་རོན་ཆུང་ངུ་མཆོད་པར་འབུལ་དགོས་པ་དང་།
15 མཆོད་དཔོན་གྱིས་འདབ་ཆགས་མཆོད་ཁྲིའི་རྩར་ཁྱེར་འོངས་ནས་དེའི་སྐེ་གཅུ་བ་དང་མགོ་ཕྲལ་ཏེ་མཆོད་ཁྲིའི་སྟེང་སྦར་བ་དང་། ཁྲག་ནི་མཆོད་ཁྲིའི་ལོགས་སུ་བཞུར་དགོས།
16 ཡང་ཕོ་བ་དང་བྱ་སྒྲོ་རྣམས་བཏོན་ཏེ། མཆོད་ཁྲིའི་ཤར་ཕྱོགས་སུ་ཐལ་བ་འཕོ་སར་གཡུག་དགོས།
17 དེ་ནས་ཁོས་འདབ་ཆགས་ཀྱི་གཤོག་པ་གཉིས་ནས་བཟུང་སྟེ་རྒྱོང་བར་བྱེད་ཀྱང་དུམ་བུར་གཅོད་པར་མི་བྱ་སྟེ། མཆོད་དཔོན་གྱིས་མཆོད་ཁྲིའི་སྟེང་འབར་བའི་བུད་ཤིང་གི་ཐོག་ཏུ་སྦྱིན་སྲེག་གཏོང་དགོས་པ་དང་། དེ་ནི་སྦྱིན་སྲེག་དང་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་དྲི་ཞིམ་མེ་མཆོད་ཡིན་ནོ། །