ལེའུ་ཉེར་གསུམ་པ།
དཀོན་མཆོག་ཡ་ཝཱེའི་དུས་ཆེན།
དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྒོས་ཤིག གཤམ་དུ་བཀོད་པ་ནི་བདག་གི་དུས་ཆེན་རྣམས་ཏེ། ཁྱོད་རྣམས་ཀྱིས་དམ་པའི་འདུ་འཛོམས་སུ་ཁྱབ་བསྒྲགས་བྱེད་དགོས་པའི་བདག་གི་དུས་ཆེན་རྣམས་ཡིན་ནོ། །
ངལ་གསོ་བའི་ཉིན་མོ།
ཉིན་དྲུག་གི་རིང་ལ་ལས་ཀ་བྱེད་ཅིང་ཉིན་བདུན་པ་ནི་ངལ་གསོ་ཡོངས་སུ་རྫོགས་པའི་ཉིན་མོ་ཡིན་ལ། འདུ་འཛོམས་དམ་པ་ཡོད་དགོས་ཏེ་ལས་ཀ་གང་ཡང་བྱེད་མི་རུང་། དེ་ནི་ཁྱོད་རྣམས་ཀྱི་སྡོད་གནས་ཐམས་ཅད་དུ་དཀོན་མཆོག་ཡ་ཝཱེའི་ཕྱིར་བསྲུང་དགོས་པའི་ངལ་གསོ་བའི་ཉིན་མོ་ཡིན་ནོ། །
པེ་སག་གི་དུས་ཆེན་དང་སྐྱུར་མེད་བག་ལེབ་ཀྱི་དུས་ཆེན།
གཤམ་དུ་བཀོད་པ་ནི་ཁྱོད་ཅག་གིས་དུས་ལྟར་འདུ་འཛོམས་དམ་པ་རུ་བསྒྲག་དགོས་པའི་དཀོན་མཆོག་ཡ་ཝཱེའི་དུས་ཆེན་རྣམས་ཡིན་ནོ། ། ཟླ་བ་དང་པོའི་ཚེས་བཅུ་བཞི་*ཡི་ས་སྲོས་ཀྱི་དུས་ནི་དཀོན་མཆོག་ཡ་ཝཱེའི་པེ་སག་གི་དུས་ཆེན་ཡིན། ཟླ་བ་དེའི་ཚེས་བཅོ་ལྔ་ནི་དཀོན་མཆོག་ཡ་ཝཱེའི་ཕྱིར་སྲུང་བའི་སྐྱུར་མེད་བག་ལེབ་ཀྱི་དུས་ཆེན་ཡིན་ཏེ། ཁྱོད་ཅག་གིས་ཉིན་བདུན་གྱི་རིང་ལ་སྐྱུར་མེད་བག་ལེབ་བཟའ་དགོས། ཉིན་དང་པོར་འདུ་འཛོམས་དམ་པ་ཡོད་དགོས་ཤིང་རྒྱུན་ལྡན་གྱི་ལས་ཀ་གང་ཡང་བྱེད་མི་རུང་། འོན་ཀྱང་དཀོན་མཆོག་ཡ་ཝཱེ་ལ་ཉིན་བདུན་གྱི་རིང་མེ་མཆོད་འབུལ་དགོས། ཉིན་བདུན་པར་འདུ་འཛོམས་དམ་པ་ཡོད་དགོས་ལ། རྒྱུན་ལྡན་གྱི་ལས་ཀ་གང་ཡང་བྱེད་མི་རུང་ཞེས་པའོ་གསུངས་སོ། །
ཐོག་ཕུད་དུས་ཆེན།
ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 10 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྒོས་ཤིག ཁྱོད་རྣམས་བདག་གིས་ཁྱོད་ཅག་ལ་གནང་བའི་ཡུལ་དུ་སླེབས་ནས་ལོ་ཏོག་བསྡུ་བའི་ཚེ། ཐོག་ཕུད་ལོ་ཏོག་གི་ཚར་ཕོན་གཅིག་ཁྱེར་འོངས་ཏེ་མཆོད་དཔོན་ལ་སྤྲོད་དགོས། 11 ཁྱོད་རྣམས་ཁོང་གི་ཐུགས་སུ་ལྡན་པའི་ཕྱིར་དུ། མཆོད་དཔོན་གྱིས་ཚར་ཕོན་དེ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཕར་གཡོ་ཚུར་གཡོ་བྱེད་ཅིང་། ངལ་གསོ་ཉིན་མོའི་ཕྱི་ཉིན་མཆོད་དཔོན་གྱིས་དེ་གཡོ་བར་བྱེད་དགོས། 12 ཚར་ཕོན་གཡོ་བའི་ཉིན་མོར་ཁྱོད་རྣམས་ཀྱིས་ལོ་གཅིག་ཅན་གྱི་ལུ་གུ་ཕོ་སྐྱོན་མེད་པ་ཞིག་དཀོན་མཆོག་ཡ་ཝཱེ་ལ་སྦྱིན་སྲེག་ཏུ་འབུལ་དགོས། 13 དེ་དང་མཉམ་དུ་འབུལ་བའི་འབྲུ་མཆོད་ནི་སྣུམ་བསྲེས་གྲོ་ཞིབ་ཨེ་ཕཱ་ཡི་བཅུ་ཆ་གཉིས་ཡིན་ཏེ། དཀོན་མཆོག་ཡ་ཝཱེ་ལ་འབུལ་བའི་དྲི་ཞིམ་མེ་མཆོད་ཡིན་པ་དང་། དེ་དང་མཉམ་དུ་འབུལ་བའི་སྐྱེམས་མཆོད་ནི་རྒུན་ཆང་རྫ་བུམ་གྱི་བཞི་ཆ་གཅིག་ཡིན་ནོ། ། 14 བག་ལེབ་དང་འབྲུ་རྔོས་མའམ། སྙེ་མ་གསར་པ་བཅས་གང་ཡིན་ཡང་། ཁྱོད་རྣམས་ཀྱིས་མཆོད་པ་འདི་རྣམས་ཁྱེར་འོངས་ནས་ཁྱོད་ཅག་གི་དཀོན་མཆོག་ལ་འབུལ་བའི་ཉིན་མོའི་བར་དུ་བཟའ་མི་རུང་སྟེ། ཁྱོད་རྣམས་ཀྱི་སྡོད་གནས་ཐམས་ཅད་དུ། འདི་ནི་ཁྱོད་ཅག་གི་མི་རབས་ནས་མི་རབས་བར་དུས་གཏན་གྱི་སྒྲིག་ཁྲིམས་ཡིན་དགོས་སོ། །
བདུན་ཕྲག་རྣམས་ཀྱི་དུས་ཆེན།
15 དེ་ཡང་ཁྱོད་རྣམས་ཀྱིས་རང་ཉིད་ཀྱི་ཕྱིར་ངལ་གསོ་ཉིན་མོའི་ཕྱི་ཉིན་ཏེ། འབྲུ་རིགས་ཀྱི་ཚར་ཕོན་དེ་གཡོབ་མཆོད་དུ་ཕུལ་བའི་ཉིན་མོ་དེ་ནས་བཟུང་། ངལ་གསོ་བའི་ཉིན་མོ་བདུན་ཏག་ཏག་བགྲང་དགོས་ལ། 16 ངལ་གསོ་བའི་ཉིན་མོ་ཨང་བདུན་པའི་ཕྱི་ཉིན་ཏེ་བསྡོམས་པས་ཉིན་ལྔ་བཅུ་ཡིན་ལ། ཁྱོད་རྣམས་ཀྱིས་འབྲུ་མཆོད་གསར་པ་ཞིག་དཀོན་མཆོག་ཡ་ཝཱེ་ལ་ཕུལ་ཞིག 17 ཁྱོད་ཅག་གི་སྡོད་གནས་དག་ལས་གྲོ་ཞིབ་བྲེའི་བཅུ་ཆ་གཉིས་བླངས་ཏེ། གཡོབ་མཆོད་ཀྱི་བག་ལེབ་སྐྱུར་མ་གཉིས་བསྲེགས་ནས། དཀོན་མཆོག་ཡ་ཝཱེ་ལ་ཐོག་ཕུད་ཀྱི་ལོ་ཏོག་འབུལ་དགོས། 18 ཡང་ལོ་གཅིག་ཅན་གྱི་ལུ་གུ་ཕོ་སྐྱོན་མེད་པ་བདུན་དང་། སྒོ་ཕྱུགས་ལས་གླང་ཐུག་གཅིག་དང་ལུག་ཐུག་གཉིས་བཅས་བག་ལེབ་དང་མཉམ་དུ་འབུལ་དགོས། དེ་དག་ནི་འབྲུ་མཆོད་དང་སྐྱེམས་མཆོད་མཉམ་དུ་དཀོན་མཆོག་ཡ་ཝཱེ་ལ་སྦྱིན་སྲེག་ཏུ་འབུལ་བ་དང་། དཀོན་མཆོག་ཡ་ཝཱེ་ལ་དྲི་ཞིམ་མེ་མཆོད་དུ་འབུལ་དགོས། 19 ཡང་ཁྱོད་རྣམས་ཀྱིས་ར་ཕོ་ཞིག་སྡིག་བཤགས་མཆོད་པ་དང་ལོ་གཅིག་ཅན་གྱི་ལུ་གུ་ཕོ་གཉིས་ཞི་བདེའི་མཆོད་པ་རུ་འབུལ་དགོས་པ་དང་། 20 མཆོད་དཔོན་གྱིས་དེ་རྣམས་དང་ལོ་ཏོག་གི་ཕུད་ཀྱིས་བཟོས་པའི་བག་ལེབ། ལུ་གུ་གཉིས་བཅས་མཉམ་དུ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཕར་གཡོ་ཚུར་གཡོ་བྱས་ནས་གཡོབ་མཆོད་དུ་འབུལ་དགོས། འདི་རྣམས་ནི་དཀོན་མཆོག་ཡ་ཝཱེའི་རྫས་དམ་པ་ཡིན་པས་མཆོད་དཔོན་ལ་དབང་བ་ཡིན་ནོ། ། 21 ཉིན་མོ་དེར་ཁྱོད་ཅག་གིས་འདུ་འཛོམས་དམ་པ་ཡིན་པ་བསྒྲག་དགོས་ལ། རྒྱུན་ལྡན་གྱི་ལས་ཀ་གང་ཡང་བྱེད་མི་རུང་། ཁྱོད་ཅག་གི་སྡོད་གནས་ཐམས་ཅད་དུ། དེ་ནི་ཁྱོད་རྣམས་ཀྱི་མི་རབས་ནས་མི་རབས་བར་དུས་གཏན་གྱི་སྒྲིག་ཁྲིམས་ཡིན་དགོས་སོ། ། 22 ཁྱོད་རྣམས་ཀྱིས་རང་རང་གི་ས་ཞིང་ལས་ལོ་ཏོག་བསྡུ་བའི་ཚེ། ས་ཞིང་གི་གྲུ་ཟུར་བར་དུ་ཡོངས་སུ་བསྡུ་མི་རུང་། ལོ་ཏོག་སར་ལྷུང་བ་རྣམས་ཀྱང་བཏུ་མི་རུང་། དེ་ནི་དབུལ་པོ་དང་བྱེས་པ་དག་གི་ཕྱིར་དུ་འཇོག་དགོས། བདག་ནི་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཡིན་ཞེས་པའོ་གསུངས་སོ། །
དུང་འབུད་དུས་ཆེན།
23 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 24 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྒོས་ཤིག ཟླ་བ་བདུན་པའི་ཚེས་དང་པོ་ནི་ཁྱོད་རྣམས་ཀྱིས་ངལ་གསོ་ཡོངས་སུ་རྫོགས་པའི་ཉིན་མོ་རུ་བསྲུང་བ་དང་། རྗེས་དྲན་གྱི་དུང་བུས་ནས་འདུ་འཛོམས་དམ་པ་ཡོད་དགོས། 25 རྒྱུན་ལྡན་གྱི་ལས་ཀ་གང་ཡང་བྱེད་མི་རུང་བར་དཀོན་མཆོག་ཡ་ཝཱེ་ལ་མེ་མཆོད་འབུལ་དགོས་ཞེས་པའོ་གསུངས་སོ། །
སྡིག་པ་བཤགས་པའི་ཉིན་མོ།
26 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 27 ཟླ་བ་བདུན་པའི་ཚེས་བཅུ་ནི་སྡིག་པ་བཤགས་པའི་ཉིན་མོ་ཡིན་པས། ཁྱོད་རྣམས་ཀྱིས་འདུ་འཛོམས་དམ་པ་རོལ་ནས་རང་ཉིད་ཁྱད་དུ་གསོད་པ་དང་། དཀོན་མཆོག་ཡ་ཝཱེ་ལ་མེ་མཆོད་འབུལ་དགོས། 28 ཉིན་དེ་ལ་ལས་ཀ་གང་ཡང་བྱེད་མི་རུང་། ཅི་ལ་ཞེ་ན། ཉིན་དེ་ནི་སྡིག་བཤགས་ཉིན་མོ་ཡིན་པས་ཁྱོད་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་སྡིག་པ་བཤག་དགོས་པའི་ཕྱིར་རོ། ། 29 ཉིན་དེ་ལ་རང་ཉིད་ཁྱད་དུ་མི་གསོད་པ་ཐམས་ཅད་མི་མང་ཁྲོད་ནས་རྩ་མེད་དུ་གཏོང་ངེས་ཡིན། 30 ཉིན་དེ་ལ་ལས་ཀ་གང་རུང་བྱེད་མཁན་ཐམས་ཅད་ནི་བདག་གིས་རང་གི་མི་མང་ཁྲོད་ནས་འཇོམས་པར་བྱའོ། ། 31 ཁྱོད་རྣམས་ཀྱིས་ལས་ཀ་གང་ཡང་བྱེད་མི་རུང་། དེ་ནི་ཁྱོད་ཅག་སྡོད་སའི་ཡུལ་ཐམས་ཅད་དུ། ཁྱོད་རྣམས་ལ་མི་རབས་ནས་མི་རབས་བར་དུས་གཏན་གྱི་སྒྲིག་ཁྲིམས་ཡིན་དགོས། 32 ཉིན་དེ་ནི་ཁྱོད་རྣམས་ཀྱིས་ངལ་གསོ་ཡོངས་སུ་རྫོགས་པའི་ཉིན་མོ་རུ་བསྲུང་བ་དང་། རང་ཉིད་ཁྱད་དུ་གསོད་དགོས། ཟླ་བ་དེའི་ཚེས་དགུ་ཡི་དགོང་མོ་ནས་ཕྱི་ཉིན་དགོང་མོའི་བར་དུ་ངལ་གསོ་བའི་ཉིན་མོ་རུ་བསྲུང་དགོས་ཞེས་གསུངས་སོ། །
སྤྱིལ་བུའི་དུས་ཆེན།
33 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 34 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྒོས་ཤིག ཟླ་བ་བདུན་པའི་ཚེས་བཅོ་ལྔ་ནི་སྤྱིལ་བུའི་དུས་ཆེན་ཡིན་པ་དང་། དཀོན་མཆོག་ཡ་ཝཱེའི་ཕྱིར་དུ་ཉིན་བདུན་གྱི་རིང་ལ་དུས་ཆེན་འདིར་རོལ་དགོས། 35 ཉིན་དང་པོར་འདུ་འཛོམས་དམ་པ་ཡོད་དགོས་ལ། རྒྱུན་ལྡན་གྱི་ལས་ཀ་གང་ཡང་བྱེད་མི་རུང་། 36 ཉིན་བདུན་གྱི་རིང་དཀོན་མཆོག་ཡ་ཝཱེ་ལ་མེ་མཆོད་འབུལ་དགོས། ཉིན་བརྒྱད་པར་འདུ་འཛོམས་དམ་པ་བསྲུང་བ་དང་། དཀོན་མཆོག་ཡ་ཝཱེ་ལ་མེ་མཆོད་འབུལ་དགོས། དེ་ནི་འདུ་འཛོམས་དམ་ནན་ཡིན་པས་རྒྱུན་ལྡན་གྱི་ལས་ཀ་གང་ཡང་བྱེད་མི་རུང་ངོ་། ། 37 དེ་ནི་དཀོན་མཆོག་ཡ་ཝཱེའི་དུས་ཆེན་རྣམས་ཡིན་ཏེ། ཁྱོད་རྣམས་ཀྱིས་འདུ་འཛོམས་དམ་པར་བསྒྲག་དགོས་པའི་དུས་ཆེན་ཡིན་ཞིང་། མེ་མཆོད་དེ་སྦྱིན་སྲེག་གི་མཆོད་པ་དང་འབྲུ་མཆོད། དམར་མཆོད། སྐྱེམས་མཆོད་རྣམས་ཉིན་རེའི་གཏན་འཁེལ་བཞིན་དཀོན་མཆོག་ཡ་ཝཱེ་ལ་འབུལ་དགོས་པ་ཡིན་ནོ། ། 38 གཞན་ཡང་དཀོན་མཆོག་ཡ་ཝཱེ་ལ་ངལ་གསོ་བའི་ཉིན་མོ་དང་། ཁྱོད་ཚོས་དཀོན་མཆོག་ཡ་ཝཱེ་ལ་འབུལ་བའི་མཆོད་རྫས་རྣམས་དང་། དམ་བཅའི་མཆོད་པ་ཐམས་ཅད་དང་། ཡིད་མོས་པའི་མཆོད་པ་ཐམས་ཅད་བཅས་ཡོད་པའོ། ། 39 དེ་ལས་གཞན་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ཏག་ཏག་སྟེ། ཁྱོད་རྣམས་ཀྱིས་ས་ཞིང་ནས་ལོ་ཏོག་བསྡུས་པའི་རྗེས་སུ། ཉིན་བདུན་རིང་དཀོན་མཆོག་ཡ་ཝཱེའི་དུས་ཆེན་རོལ་དགོས། ཉིན་དང་པོ་དེ་ངལ་གསོ་ཡོངས་སུ་རྫོགས་པའི་ཉིན་མོ་ཡིན་པ་དང་། ཉིན་བརྒྱད་པ་དེ་ཡང་ངལ་གསོ་ཡོངས་སུ་རྫོགས་པའི་ཉིན་མོ་ཡིན་ནོ། ། 40 ཉིན་དང་པོ་ལ། ཁྱོད་རྣམས་ཀྱིས་ཕུལ་དུ་བྱུང་བའི་ལྗོན་ཤིང་གི་འབྲས་བུ་དང་། ཏ་ལའི་ཤིང་གི་ཡལ་ག་དང་། ལྗོན་ཤིང་ལོ་མ་སྟུག་པོ་ཅན་གྱི་ཡལ་ག་དང་། ཆུ་བོ་འགྲམ་གྱི་ལྕང་མའི་ཡལ་ག་བཅས་ཁྱེར་ནས། ཁྱོད་རྣམས་ཀྱིས་རང་གི་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཉིན་བདུན་གྱི་རིང་ལ་དགའ་མགུ་ཡི་རང་བྱེད་དགོས། 41 ལོ་རེ་བཞིན་དུ་ཉིན་བདུན་གྱི་རིང་ལ་ཁྱོད་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་དུས་ཆེན་རོལ་ཞིག ཁྱོད་ཅག་གིས་ཟླ་བ་བདུན་པར་རོལ་བའི་དུས་ཆེན་དེ་ནི་མི་རབས་ནས་མི་རབས་བར་དུས་གཏན་གྱི་སྒྲིག་ཁྲིམས་ཡིན་དགོས། 42 ཁྱོད་རྣམས་སྤྱིལ་བུའི་ནང་དུ་ཉིན་བདུན་ལ་འདུག་དགོས་ཤིང་། ཡེས་ར་ཨེལ་གྱི་གཞིས་སྐྱེས་ཐམས་ཅད་ཀྱང་སྤྱིལ་བུའི་ནང་དུ་འདུག་དགོས་སོ། ། 43 གང་ལ་ཞེ་ན། བདག་གིས་ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རོལ་ཏུ་ཁྲིད་པའི་དུས་སུ། དེ་དག་སྤྱིལ་བུའི་ནང་འདུག་ཏུ་བཅུག་པ་དེ་ཁྱོད་རྣམས་ཀྱི་མི་རབས་ནས་མི་རབས་བར་ཤེས་སུ་འཇུག་པའི་ཕྱིར་རོ། །བདག་ནི་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཡིན་ཞེས་པའོ་གསུངས་སོ། ། 44 དེ་ནས་མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེའི་དུས་ཆེན་དག་ཡེས་ར་ཨེལ་པ་རྣམས་ལ་གསལ་བསྒྲགས་བྱས་སོ། །
* ལེའུ་ཉེར་གསུམ་པ།:5 འདི་ནི་སྤྱི་ཟླ་གསུམ་པ་ཡིན་མོད། འོན་ཀྱང་ཡ་ཧུ་དཱ་མི་རིགས་ཀྱི་སྐད་དུ་ལོ་གསར་པའི་ཟླ་དང་པོ་ལ་ངོས་འཛིན་དགོས།