ལེའུ་ཉེར་བདུན་པ།
དམ་བཅའི་ཁྲིམས།
དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་སྐད་སྒོས་ཤིག སུ་ཞིག་གིས་མི་ཞིག་གི་རིན་ཐང་ལྟར་དཀོན་མཆོག་ཡ་ཝཱེ་ལ་དམ་བཅའ་ཁྱད་པར་བ་ཞིག་འབུལ་ན། ཁྱོད་ཀྱི་ཚོད་རྩིས་ནི། སྐྱེས་པ་ལོ་ཉི་ཤུ་ནས་དྲུག་ཅུའི་བར་དུ་གནས་མཆོག་གི་སྲང་བཞིན་དུ་དངུལ་སྲང་ལྔ་བཅུ་རུ་བརྩི་བར་བྱའོ། ། གལ་སྲིད་བུད་མེད་ཡིན་ན། དངུལ་སྲང་སུམ་ཅུ་རུ་རྩིས་ཤིག ལོ་ལྔ་ནས་ཉི་ཤུའི་བར་གྱི་ཕོ་ནི་དངུལ་སྲང་ཉི་ཤུ་དང་། མོ་ནི་དངུལ་སྲང་བཅུ་རུ་བརྩི་དགོས་སོ། ། ཟླ་བ་གཅིག་ནས་ལོ་ལྔ་བར་གྱི་བུ་ནི་དངུལ་སྲང་ལྔ་དང་བུ་མོ་ནི་དངུལ་སྲང་གསུམ་དུ་བརྩི་དགོས། ལོ་དྲུག་ཅུའི་ཡན་གྱི་སྐྱེས་པ་ཡིན་ན་དངུལ་སྲང་བཅོ་ལྔ་དང་། བུད་མེད་ཡིན་ན་དངུལ་སྲང་བཅུ་རུ་བརྩི་དགོས། གལ་སྲིད་ཁོ་རང་དབུལ་དྲགས་ཏེ་ཁྱོད་ཀྱི་ཚོད་རྩིས་བཞིན་དུ་བསྒྲུབ་མི་ནུས་ན། མཆོད་དཔོན་གྱི་མདུན་དུ་ཁྲིད་དེ། མཆོད་དཔོན་གྱིས་ཁོ་ལ་ཚོད་རྩིས་བྱེད་ཅིང་། དམ་བཅའ་འཇོག་མཁན་ལག་གི་རྒྱུ་སྟོབས་བཞིན་དུ་མཆོད་དཔོན་གྱིས་ཚོད་རྩིས་བྱེད་དགོས་སོ། ། དཀོན་མཆོག་ཡ་ཝཱེ་ལ་འབུལ་བར་དམ་བཅས་པའི་མཆོད་པ་ནི་ཕྱུགས་ཟོག་ཡིན་ན། དཀོན་མཆོག་ཡ་ཝཱེ་ལ་གང་ཞིག་ཕུལ་བ་ཐམས་ཅད་དམ་པ་ཡིན་དགོས། 10 དེ་ནི་བརྗེ་མི་རུང་ལ། གཞན་ཞིག་གིས་ཚབ་ཀྱང་བྱེད་མི་རུང་ཞིང་། བཟང་པོའི་ཚབ་ཏུ་ངན་པའམ། ངན་པའི་ཚབ་ཏུ་བཟང་པོ་གང་ཡང་བརྗེ་མི་རུང་། གལ་སྲིད་ཅིས་ཀྱང་ཕྱུགས་ཟོག་གིས་ཕྱུགས་ཟོག་གཞན་པའི་ཚབ་བྱེད་དགོས་ན། སྔར་དམ་བཅས་པ་དང་ཚབ་ཏུ་ཕུལ་བ་གཉིས་ཀ་དམ་པ་ཡིན་དགོས་སོ། ། 11 གལ་སྲིད་ཕྱུགས་ཟོག་དེ་ནི་མི་གཙང་བ་དང་། དཀོན་མཆོག་ཡ་ཝཱེ་ལ་མཆོད་པར་འབུལ་མི་རུང་བ་ཞིག་ཡིན་ན། ཕྱུགས་ཟོག་དེ་མཆོད་དཔོན་གྱི་མདུན་དུ་འཁྲིད་དགོས། 12 མཆོད་དཔོན་གྱིས་ཕྱུགས་ཟོག་གི་བཟང་ངན་ལ་བལྟས་ནས་རིན་གོང་ཚོད་རྩིས་བྱེད་དགོས་ཤིང་། མཆོད་དཔོན་གྱིས་ཚོད་རྩིས་བྱས་པ་དེ་ཁྱོད་ཀྱི་ཚོད་རྩིས་རིན་གོང་ཡིན་ནོ། ། 13 གལ་སྲིད་དམ་བཅའ་འཇོག་མཁན་གྱིས་ཅིས་ཀྱང་དེ་བླུ་བར་འདོད་ན། ཁྱོད་ཀྱིས་ཚོད་རྩིས་བྱས་པའི་རིན་གོང་སྟེང་ལྔ་ཆ་གཅིག་སྣོན་དགོས་སོ། ། 14 གལ་སྲིད་སུ་ཞིག་གིས་རང་གི་ཁང་པ་དམ་པར་བརྩིས་ཏེ། དཀོན་མཆོག་ཡ་ཝཱེ་ལ་དམ་པར་འབུལ་ན། མཆོད་དཔོན་གྱིས་རིན་གོང་ཚོད་རྩིས་བྱེད་དགོས་ཤིང་། ཁང་པ་བཟང་ངན་གང་ཡིན་ཡང་མཆོད་དཔོན་གྱིས་ཚོད་རྩིས་བྱས་པ་བཞིན་དུ་རིན་གོང་དེ་ཚད་གཞི་རུ་འཛིན་དགོས་སོ། ། 15 ཁང་པ་དམ་པར་རྩི་མཁན་གྱིས་རང་གི་ཁང་པ་བླུ་ན། ཁྱོད་ཀྱིས་རིན་རྩིས་པའི་སྟེང་ལ་ལྔ་ཆ་གཅིག་བསྣན་ནས་སྤྲད་ན་ཁང་པ་ད་གཟོད་མི་དེ་ལ་དབང་བར་འགྱུར་རོ། ། 16 གལ་སྲིད་མི་ཞིག་གིས་རང་གིས་རྒྱུན་འཛིན་བྱས་པའི་ས་ཞིང་ལས་ཁག་ཅིག་དམ་པར་བརྩིས་ཏེ་དཀོན་མཆོག་ཡ་ཝཱེ་ལ་དམ་པར་ཕུལ་ན། ས་ཞིང་དེའི་ས་བོན་འདེབས་ཚད་བཞིན་དུ་ཚོད་རྩིས་བྱེད་དགོས་པ་འདི་ལྟ་སྟེ། ནས་ཁལ་ *གཅིག་གི་ས་བོན་འདེབས་ཐུབ་པའི་ས་ཞིང་ནི་དངུལ་སྲང་ལྔ་བཅུ་ཡིན། 17 ཁོས་དགའ་སྟོན་གྱི་ལོ་ནས་བཟུང་སྟེ། རང་གི་ས་ཞིང་ཞིག་དམ་པར་བརྩིས་ན་ཁྱོད་ཀྱིས་ཚོད་རྩིས་བྱས་པའི་རིན་གོང་ཚད་གཞིར་འཛིན་དགོས། 18 ཅི་སྟེ། ཁོས་དགའ་སྟོན་གྱི་ལོ་ཡི་རྗེས་ནས་ས་ཞིང་དམ་པར་བརྩིས་ན། མཆོད་དཔོན་གྱིས་དུས་དེ་ནས་བཟུང་དགའ་སྟོན་གྱི་ལོ་རྗེས་མའི་བར་གྱི་ལོ་ལྷག་མའི་ལོ་གྲངས་བཞིན་དུ་འདེད་རྩིས་བྱས་ཏེ། ཁྱོད་ཀྱིས་ཚོད་རྩིས་བྱས་པའི་རིན་གོང་ལས་འཐེན་དགོས་སོ། ། 19 ས་ཞིང་དམ་པར་རྩི་མཁན་གྱིས་དེ་བླུ་བར་འདོད་ན། ཁྱོད་ཀྱིས་རིན་རྩིས་པའི་སྟེང་ལ་ལྔ་ཆ་གཅིག་བསྣན་ཏེ་སྤྲད་ན་ས་ཞིང་ད་གཟོད་ཁོ་ལ་དབང་བར་བྱས་ཆོག 20 འོན་ཀྱང་མི་དེས་ས་ཞིང་རང་གིས་མ་བླུས་པའམ་མི་གཞན་ཞིག་ལ་བཙོངས་ན། རྗེས་སུ་དེ་བླུ་བར་མི་ནུས་སོ། ། 21 དགའ་སྟོན་གྱི་ལོར་ས་ཞིང་དེ་ཉོ་བདག་གི་ལག་ནས་ཕྱིར་ལེན་དུས། དཀོན་མཆོག་ཡ་ཝཱེ་ལ་དམ་པ་ཡིན་པས། ཡོངས་སུ་རྫོགས་པར་ཕུལ་བའི་ས་ཞིང་དང་འདྲ་བར་མཆོད་དཔོན་ལ་དབང་བར་འགྱུར་རོ། ། 22 དཀོན་མཆོག་ཡ་ཝཱེ་ལ་དམ་པར་ཕུལ་བའི་ས་ཞིང་ནི་རང་ས་མ་ཡིན་པར་གཞན་ནས་ཉོས་པ་ཡིན་ན། 23 མཆོད་དཔོན་གྱིས་ཁྱོད་ཀྱི་ཚོད་རྩིས་རིན་གོང་བཞིན་དུ། དགའ་སྟོན་གྱི་ལོ་ཡི་བར་དུ་འདེད་རྩིས་བྱེད་པ་དང་། ཉིན་མོ་དེ་ལ་མི་དེས་ཁྱོད་ཀྱིས་ཚོད་རྩིས་བྱས་པའི་རིན་འབབ་དཀོན་མཆོག་ཡ་ཝཱེ་ལ་དམ་པར་འབུལ་དགོས། 24 དགའ་སྟོན་གྱི་ལོར་ས་ཞིང་དེ་འཚོང་བདག་སྟེ་ས་ཞིང་དེ་རྒྱུན་འཛིན་བྱེད་མཁན་ལ་ཕྱིར་སློག་དགོས། 25 ཁྱོད་ཀྱིས་ཚོད་རྩིས་བྱས་པའི་རིན་གོང་ཐམས་ཅད་ནི་གནས་མཆོག་གི་སྲང་བཞིན་དུ་ཡིན་དགོས་ཏེ། དངུལ་སྲང་གཅིག་ལ་གཱེ་ར་ཉི་ཤུ་ཡིན་དགོས། 26 སྐྱེས་འགོ་སྟེ་ཕྱུགས་ཟོག་ཁྲོད་ཀྱི་སྐྱེས་འགོ་རྣམས་ནི་དཀོན་མཆོག་ཡ་ཝཱེའི་ཡིན་པས། མི་སུས་ཀྱང་དེ་ཡང་བསྐྱར་དམ་པར་རྩི་མི་རུང་ལ། བ་གླང་ངམ་ལུག་གང་ཡིན་ཡང་། དེ་ནི་དཀོན་མཆོག་ཡ་ཝཱེའི་ཡིན་ནོ། ། 27 ཅི་སྟེ། ཕྱུགས་ཟོག་སྐྱེས་འགོ་ནི་མི་གཙང་བ་ཡིན་ན། ཚོད་རྩིས་བྱས་པའི་རིན་གོང་དང་དེའི་ཁར་ལྔ་ཆ་གཅིག་བསྣན་ནས་དེ་བླུ་དགོས། བླུ་བ་མིན་ན་ཁྱོད་ཀྱི་ཚོད་རྩིས་ཀྱི་རིན་བཞིན་དུ་དེ་བཙོང་དགོས་སོ། ། 28 འོན་ཀྱང་། ཡོངས་སུ་རྫོགས་པར་ཕུལ་བ་རྣམས་ཏེ། མི་ཡིས་རང་ལ་གང་ཡོད་པ་ལས་དཀོན་མཆོག་ཡ་ཝཱེ་ལ་གཏན་དུ་འབུལ་འོས་པ་ནི། མིའམ་ཕྱུགས་ཟོག་གམ། ཁོ་ལ་དབང་བའི་ས་ཞིང་བཅས་གང་ཡིན་ཡང་བཙོང་བའམ་ཉོ་བར་མི་རུང་སྟེ། གཏན་དུ་འབུལ་འོས་པ་ཐམས་ཅད་དཀོན་མཆོག་ཡ་ཝཱེ་ལ་ཀུན་ལས་དམ་པ་ཡིན་པའི་ཕྱིར་རོ། ། 29 མི་རྣམས་ལས་གཏན་དུ་འབུལ་འོས་པ་ཐམས་ཅད་ནི་བླུ་མི་རུང་བར་སྲོག་གཅོད་དགོས་སོ། ། 30 ས་གཞིའི་སྟེང་གི་ཡོད་ཚད་དེ་ས་བོན་དང་སྡོང་མགོའི་ཤིང་ཏོག་གང་ཡིན་ཡང་། དེའི་བཅུ་ཆ་གཅིག་ནི་དཀོན་མཆོག་ཡ་ཝཱེའི་ཡིན་ལ། དཀོན་མཆོག་ཡ་ཝཱེ་ལ་དམ་པ་ཡིན་ནོ། ། 31 སུ་ཞིག་གིས་བཅུ་ཆ་གཅིག་དེ་བླུ་བར་འདོད་ན། གཞན་པའི་ལྔ་ཆ་གཅིག་སྣོན་དགོས། 32 བ་གླང་གི་ཁྱུ་དང་ར་ལུག་གི་ཁྱུ་ཐམས་ཅད་ཀྱི་བཅུ་ཆ་གཅིག་སྟེ། ཕྱུགས་རྫིའི་དབྱུག་པའི་འོག་ནས་འགྲོ་བ་ཐམས་ཅད་ལས་ཕྱུགས་བཅུ་པ་ནི་དཀོན་མཆོག་ཡ་ཝཱེ་ལ་དབང་ཞིང་དམ་པ་ཡིན་ནོ། ། 33 དེའི་བཟང་ངན་གྱི་དབྱེ་བ་འགེར་མི་རུང་ལ། བརྗེ་ཡང་མི་རུང་སྟེ། གལ་སྲིད་ཅིས་ཀྱང་བརྗེ་དགོས་ན། དེའི་ཚབ་བྱེད་དང་འབུལ་འོས་པའི་ཕྱུགས་ཟོག་གཉིས་ཀ་དམ་པ་ཡིན་པས་བླུ་མི་རུང་ཞེས་པའོ་གསུངས་སོ། ། 34 དེ་དག་ནི་དཀོན་མཆོག་ཡ་ཝཱེས་རི་བོ་སི་ནཱ་རུ་ཡེས་ར་ཨེལ་པ་རྣམས་ཀྱི་ཆེད་དུ་མོ་ཤེ་ལ་བསྩལ་པའི་བཀའ་རྣམས་ཡིན་ནོ།། །།
* ལེའུ་ཉེར་བདུན་པ།:16 འདིར་ཁལ་ཞེས་པར་གནའ་བོའི་ཡ་ཧུ་དཱ་མི་རིགས་ཀྱི་སྐད་དུ་ཧོ་མིར་ཟེར། ཧོ་མིར་ནི་དངོས་པོའི་ཤོང་ཚད་འཇལ་བྱའི་རྩི་གཞི་ཞིག་ཡིན་ལ། ཧོ་མིར་གཅིག་ནི་སྤྱི་རྒྱ་བརྒྱ་དང་སོ་ལྔ་ཙམ་ཡིན།