ལེའུ་གཉིས་པ།
གཉའ་གནོན་བྱེད་མཁན་གྱི་ལས་དབང་།
མི་ཚངས་སྤྱོད་པར་རྩོམ་ཞིང་རང་གི་མལ་ཁྲིར་གྲོས་ངན་འགོད་པ་རྣམས་ལ་ཆག་སྒོ་འབྱུང་། དེ་དག་གི་ལག་ཏུ་དབང་ཡོད་པས། ནམ་ལངས་མ་ཐག་སྤྱོད་ངན་སྤྱོད་ཅིང་། དེ་དག་གིས་ས་ཞིང་ལེན་འདོད་ན་དེ་བཙན་དབང་གིས་ལེན་ཞིང་། ཁང་པར་བརྔམས་ནས་དེ་འཕྲོག་པར་བྱེད། དེ་ཚོས་ཁྱིམ་བདག་དང་དེའི་ཁྱིམ་མི་ལ་གཉའ་གནོན་བྱེད་པ་དང། མི་དང་དེའི་ནོར་སྐལ་ཡང་ཧམ་བཟུང་བྱེད་དོ། ། དེ་བས་ན་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། ཀྱེ་ཧོ། བདག་གིས་ཆག་སྒོ་བཀོད་ནས་ཁྱིམ་རྒྱུད་འདི་ལ་ཐེབས་པར་འཇུག་དགོས། ཆག་སྒོ་འདི་ལས་ཁྱོད་ཅག་གི་མཇིང་པ་ཐར་མི་ནུས་ལ། ཁྱོད་ཚོ་མགོ་ཡར་བཀྱགས་ནས་བསྐྱོད་མི་ཐུབ་སྟེ། ཅིའི་ཕྱིར་ཞེ་ན། འདི་ནི་ཆག་སྒོའི་དུས་རབས་ཡིན་ནོ། ། ཉིན་དེར་སླེབས་ཚེ། མི་ཡིས་ཁྱོད་ཀྱི་ཕྱིར་དུ་མགུར་བརྩམས་ཏེ། ཡིད་གདུང་བའི་སྐྱོ་གླུ་བླངས་ནས་འདི་ལྟར། བདག་ཅག་ཐམས་ཅད་ཉམས་པར་གྱུར། ངའི་མི་སྡེའི་ནོར་སྐལ་གཞན་གྱིས་ཁྱེར། ཡ་ཝཱེས་དེ་ནི་བདག་དང་བྲལ་བར་མཛད། བདག་ཅག་གི་ཞིང་ས་ནི་གྱེན་ལོག་མཁན་རྣམས་ཀྱིས་བགོས་སོ་ཞེས་འཕྱ་བར་འགྱུར། དེ་བས་ན་དཀོན་མཆོག་ཡ་ཝཱེའི་ཚོགས་ཀྱི་ནང་དུ་རྒྱན་བླངས་ནས་ས་མཚམས་བགོ་བའི་མི་ནི་མེད་དོ། ། དེ་དག་གིས་བརྗོད་མཁན་རྣམས་ལ་མ་བརྗོད་ཅིག མི་སུས་ཀྱང་དོན་འདི་དག་བརྗོད་མི་རུང་ལ། དེ་ལྟར་བྱས་ན་ངོ་ཚ་བདག་དང་འབྲལ་ངེས་ཡིན་ཞེས་སྨྲས་སོ། ། ཀྱེ་ཡ་ཀོབ་ཀྱི་ཁྱིམ་རྒྱུད་ལགས། འདི་ལྟར་བརྗོད་འོས་སམ། དཀོན་མཆོག་ཡ་ཝཱེ་ལ་བཟོད་སེམས་མེད་པ་ཡིན་ནམ། དོན་འདི་རྣམས་ཁོང་གིས་མཛད་པ་ལགས་སམ། བདག་གི་གཏམ་ནི་སྤྱོད་པ་དྲང་བའི་མི་ལ་ཕན་པ་མ་ཡིན་ནམ། འོན་ཀྱང་ད་ལྟ་བདག་གི་མི་སྡེ་ནི་དགྲ་ལྟར་ལངས་ནས། ཁྱོད་ཚོས་བདེ་བར་ལམ་དུ་བགྲོད་ཅིང་འཐབ་མོ་ལ་མི་དགའ་བ་རྣམས་ཀྱི་ཕྱི་གོས་བཤུ་བར་བྱེད། ངའི་མི་སྡེའི་བུད་མེད་རྣམས་དགའ་བདེའི་ཁྱིམ་ལས་ཕྱིར་བསྐྲད་ནས་དེའི་བུ་ཕྲུག་རྣམས་ལས་ངའི་གཟི་བརྗིད་གཏན་དུ་འཕྲོག་གོ ། 10 ཡར་ལོངས་ལ་ཕར་སོང་ཞིག འདི་ནི་ཁྱོད་ངལ་གསོ་བྱེད་ས་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མི་གཙང་བའི་རྐྱེན་གྱིས་གཏོར་བརླག་ཐེབས་སུ་བཅུག་པ་དང་། གཏོར་བརླག་དེ་ནི་ཤིན་ཏུ་ཆེ་བས་སོ། ། 11 ཇི་སྟེ་མི་ཞིག་གི་སེམས་ནང་བཅོས་མས་བཀང་ནས་རྫུན་སྨྲས་ཏེ་འདི་ལྟར། བདག་གིས་ཁྱོད་ལ་རྒུན་ཆང་དང་ཆང་གར་པོའི་ལུང་བསྟན་པར་བྱའོ་ཞེས་སྨྲ་བ་ཡིན་ན། མི་དེ་ནི་མི་སྡེ་འདིའི་ལུང་སྟོན་པར་འགྱུར་རོ། ། 12 ཀྱེ་ཡ་ཀོབ་ཀྱི་ཁྱིམ་རྒྱུད་ལགས། བདག་གིས་ཁྱོད་རྣམས་བསྡུ་བར་བྱ་སྟེ། ཡེས་ར་ཨེལ་གྱི་མི་ལྷག་ལུས་རྣམས་བསྡུ་བར་བྱ། དེ་རྣམས་ནི་ལུག་ར་ནང་གི་ལུག་ལྟར་གནས་གཅིག་ཏུ་འགོད་པ་དང་། ཡང་རྩྭ་ཐང་གི་ལུག་ཁྱུ་བཞིན་གཅིག་ཏུ་བསྡུས་ནས། མི་གྲངས་མང་ཞིང་ཅ་ཅོ་ཆེན་པོ་སྒྲོག་པའོ། ། 13 ལམ་ཕྱེ་མཁན་དེ་དག་གི་སྔོན་དུ་ཆས་ཏེ། མཁར་སྒོའི་ནང་དུ་འཛུལ་ནས་ཕྱིར་འབུད་པ་དང་། དེ་རྣམས་ཀྱི་རྒྱལ་པོ་སྔོན་དུ་སྐྱོད་ཅིང་། དཀོན་མཆོག་ཡ་ཝཱེ་ནི་དེ་རྣམས་ཀྱི་མདུན་ནས་གཤེགས་པར་འགྱུར་རོ། །